ཕུའུ་ཅིན་གྱིས་ཨུ་རུ་སི་དང་ཐུར་ཁེའི་འབྲེལ་བ་ཕལ་ཆེར་ཕྱོགས་ཡོངས་ནས་སླར་གསོ་བྱུང་ཡོད་པར་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གསུམ་ཉིན་ཨུ་རུ་སིའི་ལྷོ་ནུབ་ཕྱོིགས་ཀྱི་སོ་ཆི་གྲོང་ཁྱེར་ནས་བཤད་རྒྱུར། ཨུ་རུ་སི་དང་ཐུར་ཁེའི་འབྲེལ་བ་ཕལ་ཆེར་ཕྱོགས་ཡོངས་ནས་སླར་གསོ་བྱུང་ཡོད་པར་བརྗོད་ཆོག་ཆོག་ཡིན་ཟེར།

ཕུའུ་ཅིན་གྱིས་གདན་དྲངས་པ་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་ཉིན་དེར་སོ་ཆི་རུ་འབྱོར་ནས་བྱ་བའི་འཚམས་འདྲི་བྱེད་མགོ་བརྩམས། ཕུའུ་ཅིན་གགྱིས་ཨེ་ཨར་ཏའོ་ཨན་དང་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཨུ་རུ་སི་དང་ཐུར་ཁེའི་འབྲེལ་བ་ཕྱོགས་ཡོངས་ནས་སླར་གསོ་བྱས་ཡོད་པར་བརྗོད་ཆོག་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཐུར་ཁེའི་ཉོ་ཚོང་འབོར་གྲངས་ཉིས་སྟོང་བཅུ་དྲུག་ལོལས་མངོན་གསལ་གྱིས་ཉམས་རྒུད་དུ་སོང་རྗེས། ད་ལོའི་ཟླ་བརྒྱད་པ་དང་དགུ་བའི་བར་དུ་འཕར་སྣོན་བྱུང་ཚད་སུམ་ཆའི་གཅིག་ལས་བརྒལ་ཡོད་ལ། ཨུ་རུ་སི་དང་ཐུར་ཁེ་ཡིས་ད་རུང་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་རེ་འགའི་ཐད་ནས་མཉམ་ལས་སྤེལ་ཡོད་ཟེར།

ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཐུར་ཁེ་དང་ཨུ་རུ་སིའི་ཆབ་སྲིད་དང་དམག་དོན། ཉོ་ཚོང་ཁྱབ་ཁོངས་ཀྱི་འབྲེལ་བ་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྱི་འབྲེལ་འདྲིས་སྔར་ལས་ཇེ་མང་དུ་སོང་ཡོད་ལ། ཐུག་འཕྲད་བྱེད་པ་ལས་གཞན་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དཔོན་པོས་ད་རུང་མུ་མཐུད་དུ་ཁ་པར་འབྲེལ་འདྲིས་བྱེད་བཞིན་ཡོད་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།