ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཅཱ་ལེ་ཧྥུའུ་ནེ་ཡཱ་ཀྲིག་གི་སློབ་ཆུང་ཞིག་གི་ཉེ་འདབས་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཅཱ་ལེ་ཧྥུའུ་ནེ་ཡཱ་ཀྲིག་བྱང་ངོས་ཀྱི་ཏིས་ཧེ་མཱ་རྫོང་གི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། ས་དེའི་སློབ་ཆུང་ཞིག་གི་ཉེ་འདབས་ནས་ཉིན་དེའི་སྔ་དྲོར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། སློབ་ཆུང་སློབ་མ་དང་བཅས་པའི་མི་མང་བོར་རྨས་ཕོག དེ་ལས་གཞན་འཇབ་རྒོལ་མཁན་དེ་ཉེན་རྟོག་ཕྱོགས་ཀྱིས་བསད་པ་རེད།

ཏིས་ཧེ་མཱ་རྫོང་གི་ཉེན་རྟོག་དཔོན་པོ་ཡོ་ཧན་སི་ཏོན་གྱིས་བསྟན་དོན། ཉེན་རྟོག་ཕྱོགས་ལ་སྔ་དྲོའི་དུས་ཚོད་བརྒྱད་ཡས་མས་སུ་སྙན་ཞུ་འབྱོར་རྗེས་རྫོང་དེའི་ལན་ཆའོ་ཏིས་ཧེ་མཱ་གྲོང་ཁྱེར་ཆུང་བའི་དོན་རྐྱེན་བྱུང་སར་ཡོང་བ་དང་། འཇབ་རྒོལ་མཁན་ཉེན་རྟོག་ཕྱོགས་ཀྱིས་བསད། སློབ་ཆུང་དེའི་སྒོ་བརྒྱབ་ཡོད་པ་དང་། སློབ་མ་དག་བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད་ཟེར།

ས་དེའི་སློབ་ཁུལ་དཔོན་པོས་བཤད་རྒྱུར། དོན་རྐྱེན་བྱུང་སྐབས་སློབ་ཆུང་དེར་སློབ་མ་བརྒྱ་ཙམ་ཡོད་པ་དང་། སློབ་མ་མང་བོར་མེ་མདས་བརྒྱབ་པའི་དོན་རྐྱེན་ཁྲོད་རྨས་ཕོག་ཡོད་ཀྱང་། སློབ་གྲྭའི་ནང་དུ་རྐྱེན་ལམ་དུ་ཤོར་བ་གཅིག་ཀྱང་མེད་ཟེར།

ཅཱ་ལེ་ཧྥུའུ་ནེ་ཡཱ་ཀྲིག་གི་ཀྲིག་ཧྲང་པུའུ་ལིང་གིས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་རྗེས་གསལ་སྒྲོག་སྤེལ་ཏེ། སློབ་མར་དམིགས་པའི་དྲག་ཤུགས་དོན་རྐྱེན་དེར་ཧ་ལས་ཤིང་སྡང་སེམས་སྐྱེས་པའི་ཚུལ་བསྟན་པར་མ་ཟད། གནོད་ཐེབས་མཁན་གྱི་ཁྱིམ་མིར་འཚམས་འདྲི་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།