ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་གྱི་རྒྱལ་ས་སཱ་ནཱའི་གནམ་གྲུ་ཐང་ལ་བར་སྣང་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་གྱི་རྒྱལ་ས་སཱ་ནཱའི་གནམ་གྲུ་ཐང་གི་མགྲིན་ཚབ་པ་ཅཱ་ནེ་མུའུ་ཡིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཉིན་དེར་སཱ་ནཱའི་གནམ་གྲུ་ཐང་ལ་བར་སྣང་འཇབ་རྒོལ་བྱས་ཏེ། གནམ་གྲུ་ཐང་གི་ཕྱོགས་སྟོན་མ་ལག་འགས་གཏོར་བཏང་། མིག་སྔར་མི་སྣར་ཤི་རྨས་བྱུང་བའི་གནས་ཚུལ་བསྒྲགས་མེད།

ཅཱ་ནེ་མུའུ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སཱ་ནཱའི་གནམ་གྲུ་ཐང་གི་ཕྱོགས་སྟོན་མ་ལག་དེ་བར་སྣང་འཇབ་རྒོལ་ཁྲོད་ཡོངས་སུ་གཏོར་བ་དང་། ལག་རྩལ་མི་སྣས་མ་ལག་གསར་བ་བརྗེ་སྤོར་བྱེད་བཞིན་ཡོད། མིག་སྔར་སཱ་ནཱའི་གནམ་གྲུ་ཐང་གིས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པའི་གནམ་གྲུར་ཞབས་ཞུ་བསྒྲུབ་ཐབས་མེད་ཟེར།

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་བཀག་སྡོམ་བྱས་པའི་དབང་གིས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་སཱ་ནཱའི་གནམ་གྲུ་ཐང་གིས་ལོ་གཅིག་གི་སྔོན་ནས་བཟུང་སྤྱིར་བཏང་གི་གནམ་གྲུ་གཏོང་ཐེངས་མེད་པར་བཏང་བ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པའི་གནམ་གྲུ་ཁོ་ན་འཕུར་འབབ་བྱེད་དུ་འཇུག་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།