ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་རྒྱལ་ཁབ་ཉེར་གསུམ་གྱི་འགོག་སྲུང་མནའ་འབྲེལ་བཙུགས་ཏེ་ཨ་མེ་རི་ཁ་གཙོ་བྱས་པའི་བྱང་ཆིངས་རྩ་འཛུགས་ཀྱི་ནུས་པ་ཇེ་ཞན་དུ་གཏོང་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་བཅུ་བཞིའི་ཉིན་བསྒྲགས་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་བཅུ་གསུམ་ཉིན་དམག་དོན་མཉམ་ལས་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཀོད་དེ། ཁོངས་གཏོགས་རྒྱལ་ཁབ་ཉེར་གསུམ་གྱིས་འགོག་སྲུང་མནའ་འབྲེལ་འཛུགས་པར་འཐད་པ་བྱུང་། འགོག་སྲུང་མནའ་འབྲེལ་བཙུགས་ནས་ཨ་མེ་རི་ཁ་གཙོ་བྱས་པའི་བྱང་ཆིངས་རྩ་འཛུགས་ཀྱི་ནུས་པ་ཇེ་ཞན་དུ་གཏོང་རྒྱུ་རེད།

ཧྥ་རན་སི་དང་འཇར་མན། དབྱི་ཐཱ་ལི་སོགས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་ཉེར་གསུམ་གྱི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱིས་ཚེས་བཅུ་གསུམ་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་མཉམ་འབྲེལ་གྲོས་མཐུན་ཞིག་བཀོད་དེ། འགོག་སྲུང་ཁྱབ་ཁོངས་ཀྱི་དུས་གཏན་གྱི་གྲུབ་ཚུལ་རང་བཞིན་གྱི་མཉམ་ལས་བྱེད་པར་གྲོས་འཆམ་བྱུང་། ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་དབྱིན་ཇི་དང་། དེ་མིན་ཏན་མག ཕུའུ་ཐའོ་ཡཱ། ཨིར་ལན། མར་ཐཱ་བཅས་རྒྱལ་ཁབ་ལྔ་དེའི་ནང་འདུས་མེད། མཉམ་ལས་སྒྲོམ་གཞི་དེའི་དམིགས་ཡུལ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་འགོག་སྲུང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཆེད་དུ་རེད།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མའོ་ཀའེ་ལི་ནེ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གྲོས་མཐུན་དེ་ནི་ཡོ་རོབ་གླིང་གི་འགོག་སྲུང་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་དུས་སྐབས་ཤིག་ཡིན་པ་དང་། གྲོས་མཐུན་བཀོད་མེད་པའི་རྒྱལ་ཁབ་དག་ཀྱང་མ་འོངས་པར་དེར་ཞུགས་པར་རེ་བ་བཏོན། འཇར་མན་གྱི་རྒྱལ་སྲུང་བློན་ཆེན་ཧྥུན་ཏི་ལེ་ཨིན་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་རང་ཉིད་ཀྱི་འགོག་སྲུང་མཉམ་ལས་སྒྲོམ་གཞི་འཛུགས་པར་གལ་འགངས་ཧ་ཅང་ཆེ། གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་དག་ལ་ཉམས་ཉེན་བྱུང་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་དེ་ཐག་གཅོད་བྱེད་པའི་ནུས་པ་ངེས་པར་དུ་ལྡན་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།