ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གྱི་ཙུང་ཐུང་གིས་སོ་ཏི་ཨ་རབ་ཀྱིས་ཧཱ་ལི་ལི་བཀག་འཇུག་བྱས་པར་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་གྱིས་ཚེས་བཅོ་ལྔ་ཉིན་བསྟན་དོན། ལེ་པཱ་ནུན་གྱི་ཙུང་ལི་ཧཱ་ལི་ལི་དུས་ཡུན་རིང་བོར་འགོར་ཡང་ཕྱིར་མ་ལོག་པའི་རྒྱུ་མཚན་ནི་སོ་ཏི་ཨ་རབ་ཀྱིས་བཀག་འཇུག་བྱས་པ་རེད་ཟེར།

ཨོ་ཨིན་གྱིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་དྲ་བ་བརྒྱུད་དེ་བཤད་རྒྱུར། ཧཱ་ལི་ལི་ད་ལྟའི་བར་སོ་ཏི་ཨ་རབ་ནས་ཕྱིར་ལེ་པཱ་ནུན་དུ་མ་ཡོང་བར་འགྲེལ་བཤད་བྱེད་པའི་རྒྱུ་རྐྱེན་ཅི་ཡང་མེད་པས། ང་ཚོས་བལྟས་ན་ཁོར་བཀག་འགོག་དང་བཀག་འཇུག་ཐེབས་ཡོད་པར་འདོད། དེ་ནི་རྒྱལ་སྤྱིའི་འབྲེལ་ཡོད་བཅའ་ཁྲིམས་དང་འགལ་ཡོད་པ་རེད་ཟེར།

ཚེས་བཞིའི་ཉིན། སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱེད་པའི་ཧཱ་ལི་ལི་ཡིས་གློ་བུར་དུ་ལས་ཁུར་དགོངས་ཞུ་བྱས། དེའི་རྗེས་སུ་ད་ལྟའི་བར་ལེ་པཱ་ནུན་དུ་ལོག་མེད། དེར་ཕྱི་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཀྱིས་བཟང་བཙོན་ལ་བཅུག་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་ཀྱང་། སོ་ཏི་ཨ་རབ་དང་ཧཱ་ལི་ལི་ཡིས་བཟང་བཙོན་ལ་བཅུག་པའི་དོན་དེ་ཁས་ལེན་བྱེད་ཀྱིན་མེད།

ཧཱ་ལི་ལི་ཡིས་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་དྲ་ཐོག་ནས་བསྟན་དོན། རང་ཉིད་མིག་སྔར་ཧ་ཅང་བཟང་བ་དང་། མི་འགྱངས་པར་ལེ་པཱ་ནུན་དུ་ལོག་རྒྱུ་ཡིན། དེ་ནི་ཧཱ་ལི་ལི་ཡིས་ཉིན་གཉིས་ཀྱི་ནང་དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་ཐེངས་གཉིས་པ་རེད། ཐེངས་དང་པོར་ཁོས་ཉིན་འགའི་ནང་ཕྱིར་ལེ་པཱ་ནུན་དུ་ལོག་རྒྱུ་ཡིན་ཟེར།

ད་ལྟའི་བར་ཨོ་ཨིན་གྱིས་ཧཱ་ལི་ལིའི་ལས་ཁུར་དགོངས་ཞུ་དངོས་སུ་དང་ལེན་བྱས་མེད། ཨོ་ཨིན་གྱིས་བསྟན་དོན། ཧཱ་ལི་ལི་ཕྱིར་རྒྱལ་ནང་དུ་ལོག་ནས་གནས་ཚུལ་གསལ་བོར་བརྗོད་ན། ཁོས་ད་གཟོད་ཧཱ་ལི་ལིའི་ལས་ཁུར་དགོངས་ཞུ་དང་ལེན་བྱེད་མིན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།