ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཀྱིས་ལི་པུ་ཡཱའི་མི་ཞིག་ནུབ་ཕྱོགས་བྱེ་ཁུལ་ནས་ཉེན་རྟོག་པར་འཇབ་རྒོལ་བྱས་པའི་དོན་རྐྱེན་ནང་ཞུགས་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་ནང་སྲིད་པུའུ་ཡིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་བདེ་འཇགས་སྡེ་ཁག་གིས་ཟླ་སྔོན་མར་ནུབ་ཕྱོགས་ཀྱི་བྱེ་ཁུལ་ནས་བྱུང་བའི་ཉེན་རྟོག་པར་འཇབ་རྒོལ་བྱས་པའི་དོན་རྐྱེན་ཁྲོད་འཛིན་བཟུང་བྱས་པའི་དྲག་ཆས་མི་སྣ་གཅིག་གི་ཕ་ཡུལ་ལི་པུ་ཡཱ་རེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན་བྱུང་བའི་ཉེན་རྟོག་པར་འཇབ་རྒོལ་བྱས་པའི་དོན་རྐྱེན་ཁྲོད། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་འཁྲུག་རྩོད་བྱེད་དུས་དྲག་ཆས་ཚོགས་ཁག་གི་མི་སྣ་གཅིག་འཛིན་བཟུང་བྱས། རྟོག་ཞིབ་བྱས་པ་ལྟར་ན། མི་དེ་ནི་ལི་པུ་ཡཱའི་ཡིན་པ་དང་། ལི་པུ་ཡཱའི་ཤར་ཕྱོགས་ཀྱི་ཏི་ཨར་ནཱ་གྲོང་ཁྱེར་ནས་ཡོང་བ་རེད་ཟེར། གསལ་སྒྲོག་ལས་དྲག་ཆས་ཉེས་ཅན་དེ་རྩ་འཛུགས་གང་དུ་གཏོགས་པ་གསལ་བོར་བསྒྲགས་མེད།

ཟླ་བཅུ་བའི་ཚེས་ཉི་ཤུའི་ཉིན། ཨེ་ཅིབ་ཉེན་རྟོག་ཕྱོགས་ཀྱིས་ཁེ་རོའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་སུམ་བརྒྱའི་མཚམས་སུ་ཡོད་པའི་པེད་ཧཱ་ལི་ཡེ་ལྗང་མདོག་ས་ཁུལ་དུ་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་ས་རྩད་གཅོད་བྱེད་དུ་འགྲོ་སྐབས་འཇབ་རྒོལ་ཐེབས་ཏེ། ཉེན་རྟོག་པ་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གསུམ་ལ་རྨས་ཕོག་པ་རེད།

ཉིས་སྟོང་བཅུ་གཅིག་ལོར་ལི་པུ་ཡཱའི་འཐབ་འཁྲུག་གྲོལ་རྗེས། ལི་པུ་ཡཱའི་དབང་འཛིན་ལས་ཁུངས་ཀྱི་གནས་བབ་ཟང་ཟིང་དུ་གྱུར། འཇིགས་སྐུལ་ཉེས་ཅན་དང་དྲག་ཆས་རྩ་འཛུགས་རེ་འགའ་ལི་པུ་ཡཱ་དང་ཨེ་ཅིབ་ཀྱི་མཐའ་མཚམས་བརྒལ་ནས་ཨེ་ཅིབ་ཏུ་ཡོང་བ་དང་། ཨེ་ཅིབ་ནས་ཉེན་རྟོག་པ་དང་མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།