ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་སྦྱོང་བརྡར་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་བདུན་ཉིན་ཨན་ཁཱ་ལཱ་ནས་ཁྱབ་སྒྲོག་བྱས་དོན། ཐུར་ཁེས་ནོར་ཝེ་རུ་སྤེལ་བཞིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལས་ཕྱིར་འབུད་རྒྱུ་ཐག་བཅད། རྒྱུ་མཚན་ནི་དམག་དོན་སྦྱོང་བརྡར་གྱིས་ལད་བཟོའི་དགྲ་བོ་གཏན་འཁེལ་བྱེད་པའི་སྐབས་སུ་ཐུར་ཁེ་ལ་བརྙས་དམོད་བྱེད་པའི་ནང་དོན་ཡོད་པས་རེད།

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་དྲང་བདེན་དང་འཕེལ་རྒྱས་ཏང་གི་གྲོས་ཚོགས་སྟེང་བཤད་རྒྱུར། ཚེས་བཅུ་དྲུག་ཉིན་དམག་དོན་སྦྱོང་བརྡར་གྱི་ལད་བཟོའི་དགྲ་བོའི་འགྲེམ་སྟོན་བྱང་བུའི་སྟེང་ཐུར་ཁེའི་རྒྱལ་ཡབ་ཁའེ་མའོ་ཨར་གྱི་བརྙན་རིས་དང་ཨེ་ཨར་ཏའོ་ཨན་གྱི་མིང་ཡོད་པས། དེ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར།

ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ནོར་འཁྲུལ་དེ་བཟོ་བཅོས་བྱས་ཡོད་ཀྱང་། ཐུར་ཁེ་ཡིས་སྔར་བཞིན་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་མི་བཞི་བཅུ་བོ་ཕྱིར་འཐེན་བྱེད་རྒྱུ་ཐག་བཅད་པ་ཡིན་ཟེར།

ནོར་ཝེ་རུ་སྤེལ་བཞིན་པའི་ཐེངས་འདིའི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་སྦྱོང་བརྡར་དེ་ཟླ་འདིའི་ཚེས་གཅིག་ཉིན་སྤེལ་མགོ་བརྩམས་པ་དང་། ཚེས་བཅོ་བརྒྱད་ཉིན་མཇུག་སྒྲིལ་རྒྱུ་རེད།

ཐུར་ཁེ་གཅིག་སྟོང་དགུ་བརྒྱ་ང་གཉིས་ལོར་བྱང་ཆིངས་རྩ་འཛུགས་སུ་ཞུགས་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།