ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གྱི་ཙུང་ལི་ཧཱ་ལི་ལི་ཧྥ་རན་སིའི་ཙུང་ཐུང་གི་གདན་དྲངས་པ་ལྟར་ཕཱ་རེ་སི་རུ་སོང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་གདན་དྲངས་པ་ལྟར་ན། ཉེ་སྔོན་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པའི་ལེ་པཱ་ནུན་གྱི་ཙུང་ལི་ཧཱ་ལི་ལི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་གནམ་གྲུར་བསྡད་དེ་ཕཱ་རེ་སི་རུ་སོང་བ་དང་། ཉིན་གུང་ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་ཨེ་ལོས་ཧྲི་ཕོ་བྲང་ནས་མཱ་ཁི་ལུང་དང་གྲོས་མོལ་བྱས།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་མིག་སྔར་བར་ཧཱ་ལི་ལི་དང་མཱ་ཁི་ལུང་གི་གྲོས་མོལ་ཐད་ནས་གསར་འགྱུར་སྤྱི་སྒྲོག་སྤེལ་མེད་ཀྱང་། མཱ་ཁི་ལུང་གིས་དྲ་ཐོག་ནས་ཨ་རབ་སྐད་དང་ཧྥ་རན་སིའི་སྐད་ཀྱིས་གནས་ཚུལ་སྤེལ་ཏེ། ཕཱ་རེ་སི་རུ་ཡོང་བར་ཁྱེད་ལ་དགའ་བསུ་ཞུ་ཞེས་པའི་གནས་ཚུལ་སྤེལ་བར་མ་ཟད། ཨེ་ལོས་ཧྲི་ཕོ་བྲང་ནས་ཧཱ་ལི་ལི་ལ་བསུ་བ་བྱེད་པའི་བརྙན་རིས་ཤིག་ཀྱང་སྤེལ་ཡོད།

བརྙན་རིས་ལས་མངོན་པ་ལྟརན། མཱ་ཁི་ལུང་དང་ཧཱ་ལི་ལི་ལག་འཇུ་བྱས་ཏེ་མཉམ་དུ་ཐོག་ཁང་དུ་སོང་བ་དང་། ཁོ་གཉིས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་ཡོད་ལ། སྣང་ཚུལ་ཧ་ཅང་མཛའ་མཐུན་ལྡན་པ་ཞིག་རེད།

མཱ་ཁི་ལུང་གིས་ཚེས་བཅུ་བདུན་ཉིན་བསྟན་དོན། ཧཱ་ལི་ལི་ཡིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་ཀྱང་། ཁོས་སྔར་བཞིན་ལེ་པཱ་ནུན་གྱི་ཙུང་ལིའི་ཚུལ་དུ་སྣེ་ལེན་བྱེད་རྒྱུ་ཡིན། རྒྱུ་མཚན་ནི་ཁོས་ལས་ཁུར་དགོངས་ཞུ་དེ་ནུས་ལྡན་དུ་གྱུར་མེད་པས་ཡིན་ཟེར།

ཧཱ་ལི་ལི་ཡིས་ཟླ་བཅུ་གཅིག་པའི་ཚེས་བཞིའི་ཉིན་སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱེད་སྐབས་གློ་བུར་དུ་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ལེ་པཱ་ནུན་རྒྱལ་ནང་དུ་གྲག་འགུལ་ཆེན་པོ་བྱུང་། དེའི་རྗེས་སུ་ཧཱ་ལི་ལི་སོ་ཏི་ཨ་རབ་ཏུ་བསྡ་པ་རེད། ཧྥ་རན་སི་དང་ལེ་པཱ་ནུན་བར་ལོ་རྒྱུས་ཀྱི་འབྲེལ་བ་ཡུན་རིང་ལྡན་པ་དང་། ཐེངས་འདིའི་ཉམས་ཉེན་ཁྲོད་ཧྥ་རན་སི་ཡིས་བར་འདུམ་མཁན་གྱི་ཚུལ་བཟུང་ནས་ལེ་པཱ་ནུན་དང་སོ་ཏི་ཨ་རབ། དབྱི་ལིང་སོགས་འབྲེལ་ཡོད་རྒྱལ་ཁབ་བར་དུ་བར་འདུམ་བྱས་ཏེ། ལེ་པཱ་ནུན་རྒྱལ་ནང་གི་གནས་བབ་ཞི་འཇགས་ཡོང་བར་ཡར་སྐུལ་བཏང་།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།