ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་དབྱི་ལིང་གིས་ཨ་རབ་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱས་པར་ཞུ་གཏུག་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྱི་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་དགུའི་ཉིན་ཁེ་རོ་ནས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས། དབྱི་ལིང་གསི་ས་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་བྱས་པར་སྐྱོན་འཛུགས་བྱས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་དབྱི་ལིང་གིས་ཨ་རབ་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱས་པ་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་འགལ་ཡོད་པ་ཞུ་གཏུག་བྱེད་རྒྱུའི་ཚུལ་བསྟན།

གསལ་སྒྲོག་ལས་བཤད་རྒྱུར། ཡེ་མིན་ཧུའུ་སེ་དྲག་ཆས་པས་ཟླ་འདིའི་ཚེས་བཞིའི་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་རུ་འཕུར་མདའ་གཏོང་འཕེན་བྱས་པ་ནི་དབྱི་ལིང་གིས་བཟོས་པ་ཡིན་ལ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་དོན་དེའི་ཐད་ནས་ཨ་རབ་རྒྱལ་ཁབ་དག་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་དབྱི་ལིང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་འགལ་བའི་བྱ་སྤྱོད་སྤེལ་བར་ཞུ་གཏུག་བྱེད་དགོས་པའི་རེ་བ་བཏོན་ཡོད།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡིས་གྲོས་ཚོགས་ཀྱི་སྐབས་སུ་བསྟན་དོན། དབྱི་ལིང་གི་མིག་སྔའི་བྱ་སྤྱོད་ཚང་མ་ནི་ཡེ་མིན་གྱི་གནས་བབ་མུ་མཐུད་དུ་ཇེ་སྡུག་ཏུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་དང་། དབྱི་ལིང་གིས་ཧུའུ་སེ་དྲག་ཆས་པར་བརྟེན་ནས་ལེ་ཡཱ་ཏི་རུ་འཇབ་རྒོལ་བྱེད་རྩིས་བྱས་པའི་བྱ་སྤྱོད་དེ་ནི་ཨ་རབ་རྒྱལ་ཁབ་དག་གི་འཇིགས་ཉེན་ཆེས་ཆེན་པོ་ཞིག་རེད་ཟེར།

ཀའེ་ཐི་ཡིས་བཤད་རྒྱུར། དབྱི་ལིང་གིས་ཨ་རབ་རྒྱལ་ཁབ་རེ་འགའི་རྒྱལ་སར་ཆམ་ཕབ་གཏོང་བའི་ནུས་པ་ཡོད་པའི་རྟགས་མངོན་པར་འདོད་པ་ནི་ཉེན་བརྡ་རྟགས་གསལ་བོ་ཞིག་རེད། ཨ་རབ་རྒཡལ་ཁབ་དག་གིས་རང་སྟེང་གི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཡོད་ལ། ང་ཚོས་འཇིགས་ཉེན་ཁྲོད་ནས་འཚོ་བ་རོལ་མི་རུང་ཟེར།

ཐེངས་འདིའི་བྲེལ་མྱུར་གྲོས་ཚོགས་ནི་སོ་ཏི་ཨ་རབ་ཀྱིས་འབོད་སྐུལ་བཏང་བ་ལྟར་སྤེལ་བ་ཡིན་ཞིང་། གཙོ་བོ་དབྱི་ལིང་གིས་ས་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་བྱས་པར་དམིགས་པའི་ཐབས་ཇུས་ལ་གྲོས་བསྡུར་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།