ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱི་རྡོ་སོལ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ཞིག་ལོག་ནས་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་གྱི་ཞིན་ཏི་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། ཞིང་ཆེན་དེའི་ཧེ་ཨར་པུའུ་ཨར་ས་ཁུལ་དུ་ཉིན་དེའི་སྔ་དྲོར་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། རྡོ་སོལ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ཞིག་ལོག་ནས་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་མནན་ནས། ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ལ་རྨས་ཕོག་ཟེར།

ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཐེག་ཚད་ལས་བརྒལ་བའི་རྡོ་སོལ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་དེ་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་གི་སྔོན་ལ་འབུད་རྩིས་བྱེད་སྐབས་ཁ་ལོ་བྱེད་ཐབས་བྲལ་ནས། རྩུབ་ཏུ་ལོག་ནས་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་མནན་པ་དང་། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་དེར་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ཟེར།

དོན་རྐྱེན་བྱུང་རྗེས། རྒུད་སྐྱོབ་མི་སྣ་ཡུལ་དངོས་སུ་འབྱོར་ནས་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་དེར་འདྲ་གཏུབ་བྱས་པ་དང་། རྨས་མ་དང་འདས་པོའི་བེམ་པ་སྨན་ཁང་དུ་བསྐྱལ། ས་དེའི་སྨན་ཁང་གིས་རྨས་མ་འགའ་དང་འདས་པོའི་བེམ་པོ་བཅུ་བདུན་དང་ལེན་བྱས་ཡོད་ལ། རྨས་མའི་ཁྲོད་མི་གསུམ་གྱི་རྨས་སྐྱོན་ཚབས་ཆེན་ཡིན་པས་རྐྱེན་ལམ་དུ་ཤོར།

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བཟོ་མཁན་གྱི་རྡོ་སོལ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་གྱི་ཁ་ལོ་བ་འཛིན་བཟུང་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།