ཀྲུང་གོ་བོད་ཀྱི་དྲ་བ།

མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཧུའུ་རི་ལེ་སུའུ་ཧི་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞིར་བདམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཧུའུ་རི་ལེ་སུའུ་ཧི་ལ་ཚེས་ཉེར་གཅིག་ཉིན་མོང་གོལ་མི་དམངས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་ཉེར་བརྒྱད་པའི་སྟེང་བརྒྱ་ཆའི་རེ་གསུམ་ལྷག་གི་འདེམ་ཤོག་ཐོབ་སྟེ། ཏང་དེའི་སྐབས་གསར་བའི་ཀྲུའུ་ཞིར་བདམས།

ཚོགས་ཡུན་ཉིན་གསུམ་ཡིན་པའི་མོང་གོལ་མི་དམངས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་ཉེར་བརྒྱད་པ་ཚེས་ཉི་ཤུའི་ཉིན་ཝུའུ་ལན་པཱ་ཐོ་ནས་ཚོགས་མགོ་བརྩམས། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་ཏང་གི་འཐུས་མི་སྟོང་གཅིག་དང་སུམ་བརྒྱ་ཙམ་གྲོས་ཚོགས་ལ་ཞུགས་ཏེ། ཏང་གི་ཀྲུའུ་ཞི་བདམས་པར་མ་ཟད་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་བྱས། ཉིན་དེར་ཏང་གི་ཀྲུའུ་ཞིར་འགྲན་རྩོད་བྱེད་མཁན་ལ་མོང་གོལ་རྒྱལ་ཁབ་གྲོས་ཁང་གི་མོང་གོལ་མི་དམངས་ཏང་ཚོགས་ཀྱི་ཀྲུའུ་ཞི་ཧཱ་ཡུན་ཞེ་ལི་ཝ་ཡང་ཡོད། ཁོ་ལ་འདེམ་ཤོག་བརྒྱ་ཆའི་སོ་དྲུག་དང་གྲངས་ཆུང་དགུ་ཐོབ་ཡོད།

ཧུའུ་རི་ལེ་སུའུ་ཧི་བདམས་ཐོན་བྱུང་རྗེས་བཤད་རྒྱུར། མོང་གོལ་མིི་དམངས་ཏང་གིས་ཐོག་མཐའ་བར་གསུམ་དུ་ཏང་ནང་ཁུལ་གྱི་མཐུན་སྒྲིལ་དང་མི་དམངས་ཀྱི་འཆམ་མཐུན་གོང་འཕེལ་ལ་མཐོང་ཆེན་བྱེད་ཅིང་། རྒྱལ་ཁབ་ཀྱི་དཔལ་འབྱོར་དར་རྒྱས་སུ་གཏོང་བའི་ལས་འགན་ཕྲག་ཏུ་ཁུར་ཡོད། མོང་གོལ་མི་དམངས་ཏང་གིས་ཉིན་དེའི་གྲོས་ཁང་ནས་ད་རུང་མོང་གོལ་མི་དམངས་ཏང་གི་ཀྲུང་དབྱང་ཨུ་ཡོན་སུམ་བརྒྱ་དང་རེ་དགུ་བདམས་ཐོན་བྱུང་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།