ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཨ་མེ་རི་ཁས་ཁྲའོ་ཞན་ཡང་བསྐྱར་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ནང་བཞག་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་གྱིས་ཚེས་ཉེར་གཉིས་ཉིན་བསྟན་དོན། ཨ་མེ་རི་ཁས་ཁྲའོ་ཞན་ཡང་བསྐྱར་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ནང་བཞག་པའི་བྱེད་ཐབས་ནི་ཁྲའོ་ཞན་ལ་དཀྲུག་འཕེན་དང་གནོད་སྐྱེལ་བའི་བྱ་སྤྱོད་ཅིག་རེད་ཟེར།

ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཉིན་དེར་བསྟན་དོན། ཨ་མེ་རི་ཁའི་བྱེད་ཐབས་དེ་ལས་བྱེད་ཐབས་གང་རུང་ལ་བརྟེན་ནས་ཁྲའོ་ཞན་ཁྱད་གསོད་བྱེད་པའི་བསམ་བློ་དང་ལམ་ལུགས་མངོན་པར་མཚོན་ཡོད། ལོ་རྒྱུས་ལས་ར་སྤྲོད་བྱུང་བ་ལྟར་ན། ཨ་མེ་རི་ཁས་རྒྱལ་ཁབ་ཅིག་ལ་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་འདོགས་ལེན་བྱེད་པའི་བྱེད་ཐབས་ནི་རང་གི་ཁེ་ཕན་ལ་བསམ་བློ་གཏོང་བའི་ཆེད་དུ་ཡིན་ཞིང་། རང་ཉིད་ལ་མགོ་མི་སྒུར་བའི་རྒྱལ་ཁབ་ཁྱད་གསོད་བྱེད་པའི་ཆེད་དུ་རེད་ཟེར།

མགྲིན་ཚབ་པ་དེས་བསྟན་དོན། ཁྲའོ་ཞན་སྲིད་གཞུང་གིས་རྒྱལ་སྤྱིའི་དྲང་བདེན་དང་ཞི་བདེ་ལ་མཐོང་ཆེན་བྱེད་ཅིང་། ནམ་རྒྱུན་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་ཀྱི་རྒྱབ་སྐྱོར་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། ཁྲའོ་ཞན་དང་འཇིགས་སྐུལ་རིང་ལུགས་བར་འབྲེལ་བ་ཅི་ཡང་མེད་པས། ཨ་མེ་རི་ཁས་ཁྲའོ་ཞན་གྱི་མགོར་འཇིགས་སྐུལ་རིང་ལུགས་ཀྱི་ཞྭ་མོ་བསྐོན་མིན་གང་ཡང་རུང་ཁྲའོ་ཞན་གྱིས་དེར་ཁ་ཡ་བྱེད་མི་སྲིད་ཟེར།

ཁྲའོ་ཞན་གྱིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཞི་བདེ་ཨུ་ཡོན་ལྷན་ཁང་གིས་ཀྱང་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ཁྲའོ་ཞན་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ནང་བཞག་སྟེ་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱས་པར་རྒོལ་གཏམ་བཏང་།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་ཉི་ཤུའི་ཉིན་ཁྲའོ་ཞན་ཡང་བསྐྱར་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ནང་བཞག་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཁྲའོ་ཞན་ལ་གནོན་ཤུགས་ཆེན་པོ་སྟེར་རྒྱུ་ཁྱབ་སྒྲོག་བྱས། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཁྲའོ་ཞན་གྱི་ཁེ་ལས་མང་བོ་དང་གྲུ་གཟིངས། མི་སྒེར་མང་བོར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཁྲའོ་ཞན་གྱི་ཕྱི་ཕྱོགས་ཉོ་ཚོང་མཚམས་གཅོད་པ་དང་དེའི་ཡོང་འབབ་ཀྱི་ཡོང་ཁུངས་ལ་ཚོད་འཛིན་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།