ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིས་ཨ་ཧྥུའུ་ཧན་གྱི་བུད་མེད་ལ་དམིགས་པའི་དྲག་ཤུགས་བྱ་སྤྱོད་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་ཚོགས་པས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་གྱི་ལས་རིགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ནས། བུད་མེད་ལ་དམིགས་པའི་དྲག་ཤུགས་བྱ་སྤྱོད་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་བུད་མེད་ཀྱི་དྲག་ཤུགས་བྱ་སྤྱོད་མེད་པར་གཏོང་བའི་རྒྱལ་སྤྱིའི་ཉིན་མོ་ཡིན་ཞིང་། ཨ་ཧྥུའུ་ཧན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་ཚོགས་པའི་འགན་ཁུར་བ་ཧྲན་པིན་ཀྲུང་ཐུང་གིས་གསལ་སྒྲོག་ནང་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་བུད་མེད་ཀྱིས་འཕེལ་རྒྱས་དང་ཞི་བདེ། བདེ་འཇགས་བཅས་ཀྱི་ཁྱབ་ཁོངས་སུ་ནུས་པ་སྔར་ལས་ཆེན་པོ་འདོན་དུ་འཇུག་ཆེད། ངེས་པར་དུ་བུད་མེད་དང་བུ་མོ་ལོ་ཆུང་གི་ཁེ་དབང་ལ་གནོད་སྐྱེལ་བ་མཚམས་འཇོག་དགོས་པ་དང་། ཁྱད་པར་དུ་དྲག་ཤུགས་བྱ་སྤྱོད་མཚམས་འཇོག་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། བུད་མེད་ལ་དམིགས་པའི་དྲག་ཤུགས་བྱ་སྤྱོད་མེད་པར་གཏོང་བར་མི་ཚང་མས་མཉམ་དུ་འབད་བརྩོན་བྱེད་དགོས་པ་དང་། མི་སྒེར་སོ་སོས་ཁྱིམ་ཚང་དང་བྱ་བའི་ལས་གནས། སྤྱི་ཚོགས་ཁོར་ཡུག་བཅས་ཀྱི་ཁྲོད་དྲག་ཤུགས་ལ་ངོ་རྒོལ་བྱེད་པའི་འབོད་སྐུལ་གཏོང་དགོས་ཟེར།

ཨ་ཧྥུའུ་ཧན་གྱི་སྒེར་ཚུགས་འགྲོ་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་བྱས་པ་ལྟར་ན། ཉིས་སྟོང་བཅུ་བདུན་ལོའི་སྔོན་གྱི་ཟླ་ངོ་བཅུའི་རིང་། ཨ་ཧྥུའུ་ཧན་གྱི་མངའ་ཁོངས་སུ་བུད་མེད་ལ་དམིགས་པའི་དྲག་ཤུགས་དོན་རྐྱེན་ཐེངས་སྟོང་གསུམ་དང་སུམ་བརྒྱ་དོན་བརྒྱད་བྱུང་བ་དང་། དེའི་ནང་ཐེངས་སྟོང་གཅིག་དང་སུམ་བརྒྱ་ང་གཅིག་ནི་ཡན་ལག་གི་སྤྱོད་ལོག་ཡིན་པ་དང་། ཐེངས་བརྒྱ་དང་གྱ་དྲུག་ནི་དྲག་ཤུགས་ལྡན་པའི་ལོག་གཡེམ་ཡིན་ལ། ཐེངས་སྟོང་གཅིག་དང་གོ་གསུམ་ནི་བརྙས་དམོད་རང་བཞིན་གྱི་སྨྲ་བརྗོད་ཀྱི་སྤྱོད་ལོག་ཡིན་པ་དང་། ཐེངས་བདུན་བརྒྱ་དང་ཞེ་བརྒྱད་ནི་ལོ་ཆུང་བུ་མོ་བཙན་གྱིས་གཉེན་སྒྲིག་བྱེད་དུ་འཇུག་པ་དང་དཔལ་འབྱོར་དྲག་ཤུགས་སོགས་ཀྱི་དྲག་ཤུགས་རྣམ་པ་ཡིན་པ་རེད།

བུད་མེད་ཀྱི་དྲག་ཤུགས་བྱ་སྤྱོད་མེད་པར་གཏོང་བའི་རྒྱལ་སྤྱིའི་ཉིན་མོ་མགོ་བརྩམས་པ་ནས། དུས་ཡུན་ཉིན་བཅུ་དྲུག་གི་འཛམ་གླིང་ཡོངས་ནས་དྲག་ཤུགས་བྱ་སྤྱོད་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་ཡང་སྤེལ་མགོ་བརྩམས་ཡོད་ལ། ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་གྱི་འཛམ་གླིང་འགྲོ་མིའི་ཐོབ་ཐང་ཉིན་མོའི་བར་རྒྱུན་བསྲིང་རྒྱུ་རེད། ད་ལོའི་བྱ་འགུལ་གྱི་བརྗོད་སྙིང་ནི་མི་སུ་ཡིན་ཡང་རྗེས་སུ་ལུས་པར་མི་འཇུག་པ་དེ་ཡིན། དམིགས་ཡུལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཁྲོད། སྤྱི་དང་སྒེར་གྱི་ཁྱབ་ཁོངས་ནས་བུད་མེད་ལ་དམིགས་པའི་དྲག་ཤུགས་བྱ་སྤྱོད་སྣ་ཚོགས་མེད་པར་གཏོང་བའི་ཐད་འབད་འབུངས་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱེད་པའི་ཆེད་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།