ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཁྲའོ་ཞན་གྱི་ཚུལ་མིན་རྣམ་འགྱུར་དེ་ཨ་མེ་རི་ཁའི་དཀྲུག་འཕེན་ལས་བྱུང་བ་ཡིན་སྲིད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་བསྟན་དོན། ཨ་མེ་རི་ཁའི་ཉེ་སྔོན་གྱི་བྱ་སྤྱོད་ནི་བསམ་བཞིན་དུ་ཁྲའོ་ཞན་ལ་དཀྲུག་ཤིང་འཕེན་པ་ལྟ་བུ་ཡིན་པ་དང་། དེ་བས་ཁྲའོ་ཞན་གྱིས་ཚུལ་མིན་རྣམ་འགྱུར་བསྟན་པ་རེད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨུ་རུ་སིའི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་ད་རུང་བཤད་རྒྱུར། ཨ་མེ་རི་ཁས་བཀག་སྡོམ་ལ་ཤུགས་སྣོན་བྱས་ཏེ་ཁྲའོ་ཞན་ལ་གནོན་ཤུགས་སྟེར་བའི་ལྟ་ཚུལ་དེར་ཨུ་རུ་སི་ཡིད་འཐད་མིན་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཁྲའོ་ཞན་ལ་དམིགས་པའི་བཀག་སྡོམ་གྲོས་ཆོད་ནང་ཆབ་སྲིད་གྲོས་མོལ་གྱི་འཕེལ་རིམ་སླར་གསོ་བྱེད་པར་ཡར་སྐུལ་འདུས་དགོས་ཀྱང་། ཨ་མེ་རི་ཁས་དོན་དེ་རྩ་བ་ནས་སྣང་མེད་དུ་བསྐྱུར་ཡོད་ཟེར།

ཟླ་བཅུ་གཅིག་པའི་ཚེས་ཉི་ཤུའི་ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཁྲའོ་ཞན་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ནང་འཇོག་རྒྱུ་ཁྱབ་སྒྲོག་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཁྲའོ་ཞན་ལ་གནོན་ཤུགས་བྱིན། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཁྲའོ་ཞན་གྱི་ཁེ་ལས་དང་གྲུ་གཟིངས། མི་སྒེར་བཅས་མང་བོར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཁྲའོ་ཞན་གྱི་ཕྱི་ཕྱོགས་ཉོ་ཚོང་མཚམས་གཅོད་པ་དང་ཡོང་འབབ་ཀྱི་ཡོང་ཁུངས་ལ་ཚོད་འཛིན་བྱེད་རྒྱུ་ཡིན་ཟེར།

ཁྲའོ་ཞན་གྱིས་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན་གསར་དུ་གསར་སྤེལ་བྱས་པའི་མིག་དམར-15རྟགས་ཅན་གྱི་གླིང་ཆེན་བར་གྱི་འཕུར་མདའ་བདེ་བླག་ངང་གཏོང་འཕེན་ཚོད་ལྟ་བྱས་པ་ཁྱབ་སྒྲོག་བྱས། བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་ཡིས་ཉིན་དེར་དྲ་ཐོག་ནས་བསྟན་དོན། ཁྲའོ་ཞན་ལ་སྐོར་ཐེངས་གསར་བའི་གཞི་རྒྱ་ཆེ་བའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།