ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་ཧུའུ་སེ་དྲག་ཆས་པ་དང་སཱ་ལེ་ཧི་མནའ་མཐུན་བར་གྱི་འཁྲུག་རྩོད་ལས་མི་བརྒྱད་ཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པ་དང་སྔོན་ཆད་ཀྱི་ཙུང་ཐུང་སཱ་ལེ་ཧིའི་ཕྱོགས་ཀྱི་མགྲིན་ཚབ་པས་བཤད་པ་ལྟར་ན། ཕྱོགས་གཉིས་ཀྱི་དམག་དཔུང་གིས་ཚེས་གཉིས་ཉིན་རྒྱལ་ས་སཱ་ནཱ་ནས་འཁྲུག་རྩོད་དྲག་པོ་བྱས་ཏེ། མིག་སྔར་མི་བརྒྱད་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་ཉི་ཤུ་ལྷག་ལ་རྨས་ཕོག་ཡོད་ཟེར། ས་དེའི་སྡོད་དམངས་ཀྱིས་བསྟན་དོན། མང་ཚོགས་དང་བྱིས་པ་ཁྲི་སྟོང་མང་བོ་སཱ་ནཱ་དཀྱིལ་དབུས་སུ་ཁེགས་ཡོད་ཟེར།

མིག་སྔར་སཱ་ལེ་ཧི་ལ་རྒྱབ་སྐྱོར་བྱེད་པའི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེན་སྲུང་རུ་ཁག་གིས་གནམ་གྲུ་ཐང་དང་ཙུང་ཐུང་བཞུགས་སྒར། སྲིད་གཞུང་གི་ལས་ཁུངས་གཙོ་བོ་ཁག་ཅིག་བཙན་བཟུང་བྱས་ཡོད་པ་དང་། དགོང་མོའི་དུས་ཚོད་བཅུའི་རྗེས་སུ་བཙན་བཟུང་བྱས་པའི་ས་ཁུལ་ནས་མཚན་མགྲོན་འགོག་རྒྱུ་ཁྱབ་སྒྲོག་བྱས་ཡོད།

སོ་ཏི་ཨ་རབ་ཏུ་ཉེན་ཡོལ་བྱེད་པའི་ཡེ་མིན་གྱི་ཙུང་ཐུང་ཧཱ་ཏིས་ཀྱིས་ཚེས་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། སཱ་ལེ་ཧིའི་དམག་དཔུང་ལ་རོགས་སྐྱོར་བྱེད་རྩིས་ཡོད་ཟེར། ཁོ་ཚོས་ད་རུང་ཡེ་མིན་སྲིད་ཏང་གིས་མནའ་འབྲེལ་གསར་བ་ཞིག་བཙུགས་ཏེ། མཉམ་དུ་ཧུའུ་སེ་དྲག་ཆས་པར་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།