ཨ་མེ་རི་ཁའི་དཔོན་རིགས་ཀྱིས་ཐི་ལིང་ཕུའུ་ཡིས་ཡེ་ལུའུ་སཱ་ལེམ་དབྱི་སི་རལ་གྱི་རྒྱལ་སར་ཁས་ལེན་པ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པར་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་དཔོན་རིགས་ཀྱིས་ཚེས་ལྔ་ཉིན་གྱི་དགོང་མོར་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་དྲུག་ཉིན་ཡེ་ལུའུ་སཱ་ལེམ་དེ་དབྱི་སི་རལ་གྱི་རྒྱལ་སར་ཁས་ལེན་བྱེད་པ་ཁྱབ་སྒྲོག་བྱེད་རྒྱུའི་འཆར་གཞི་ཡོད་པར་མ་ཟད། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབྱི་སི་རལ་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་དེ་ཐི་ལཱ་ཝེ་ཧྥུའུ་ནས་ཡེ་ལུའུ་སཱ་ལེམ་དུ་སྤོར་བའི་འཕེལ་རིམ་མགོ་རྩོམ་པའི་རེ་བ་འདོན་རྒྱུ་རེད་ཟེར།

ཉིན་དེའི་ཕོ་བྲང་དཀར་པོའི་སྒྲོག་སྤེལ་ཚོགས་འདུའི་སྟེང་ཐི་ལིང་ཕུའུ་སྲིད་གཞུང་གི་མིང་མ་བསྒྲགས་པའི་མཐོ་རིམ་དཔོན་པོ་གསུམ་གྱིས་གསར་འགྱུར་ལས་རིགས་ལ་བསྟན་དོན། བྱ་སྤྱོད་དེ་ནི་དོན་དངོས་ཁས་ལེན་བྱེད་པ་དང་འགྲན་རྩོད་སྐབས་ཀྱི་དམ་བཅའ་ལག་ལེན་དུ་བསྟར་བ་བ་ཡིན་ཟེར་ཡང་། ཁོ་ཚོས་གཞུང་ཚབ་ཁང་གི་སྡོད་གནས་གསར་བ་དེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་རྩོད་གཞིར་གྱུར་བའི་ཡེ་ལུའུ་སཱ་ལེམ་ཤར་མའི་མངའ་ཁོངས་སུ་ཡོད་མིན་གསལ་བོར་བསྟན་མེད། དཔོན་པོ་དེ་གསུམ་གྱིས་ད་རུང་ཁས་ལེན་བྱས་དོན། ཐི་ལིང་ཕུའུ་ཡིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་འཕེལ་རིམ་ལ་ཡར་སྐུལ་གཏོང་བར་བརྩོན་ལེན་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་རྒྱབ་སྐྱོར་བྱེད་རྩིས་ཡོད་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། མི་སྣ་དང་བདེ་སྲུང་སོགས་གནད་དོན་ལ་འབྲེལ་བས། གཞུང་ཚབ་ཁང་གསར་བའི་འཛུགས་སྐྲུན་དང་གནས་སྤོར་བྱ་བ་དེར་ཚོད་དཔག་བྱས་ན་ལོ་འགའི་དུས་ཚོད་འགོར་སྲིད་ཟེར། དེར་དམིགས་ནས་ཨ་མེ་རི་ཁའི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་རེ་བ་ལྟར་ན། ཐི་ལིང་ཕུའུ་ཡིས་ཚེས་དྲུག་ཉིན་ཡེ་ལུའུ་སཱ་ལེམ་ནས་གཞུང་ཚབ་ཁང་འཛུགས་པར་འགོར་འགྱངས་བྱེད་པའི་ཡིག་ཆ་ཞིག་བཀོད་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།