ཀྲུང་གོ་དང་འཇར་པན་གྱིས་རྒྱ་མཚོའི་ལས་དོན་གྱི་མཐོ་རིམ་གྲོས་མོལ་སྐོར་ཐེངས་བརྒྱད་པ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་འཇར་པན་གྱིས་རྒྱ་མཚོའི་ལས་དོན་གྱི་མཐོ་རིམ་གྲོས་མོལ་སྐོར་ཐེངས་བརྒྱད་པ་ཚེས་ལྔ་ཉིན་ནས་ཚེས་དྲུག་ཉིན་བར་ཀྲུང་གོའི་ཧྲང་ཧེ་གྲོང་ཁྱེར་ནས་སྤེལ།

ཀྲུང་གོའི་ཕྱི་འབྲེལ་པུའུ་དང་ཀྲུང་དབྱང་ཕྱི་དོན་གཞུང་སྒྲུབ་ཁང་། རྒྱལ་སྲུང་པུའུ། སྤྱི་བདེ་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཁོར་ཡུག་སྲུང་སྐྱོབ་པུའུ། རྒྱལ་ཁབ་རྒྱ་མཚོའི་ལས་དོན་ཅུའུ། རྒྱལ་ཁབ་ནུས་ཁུངས་ཅུའུ། ཀྲུང་གོའི་རྒྱ་མཚོའི་ཉེན་རྟོག་ཅུའུ། ཀྲུང་གོའི་ས་གཤིས་རྟོག་ཞིབ་ཅུའུ་སོགས་སྡེ་ཁག་དང་། འཇར་པན་གྱི་ཕྱི་འབྲེལ་པུའུ་དང་། ནེ་ཀིའི་བཞུགས་ཤག ཆུ་ཐོན་ཐིན། ནུས་ཁུངས་ཐིན། རྒྱལ་ཁོངས་འགྲིམ་འགྲུལ་ལས་ཁུངས། མཚོ་ཐོག་བདེ་སྲུང་ཐིན། ཁོར་ཡུག་ལས་ཁུངས། འགོག་སྲུང་པུའུ་སོགས་ཀྱིས་སོ་སོར་མི་སྣ་མངག་ནས་གྲོས་ཚོགས་ལ་ཞུགས་ཡོད།

ཕྱོགས་གཉིས་ཀྱིས་གྲོས་མོལ་རྐྱེན་སྲོལ་གྱི་ཚང་འཛོམས་གྲོས་ཚོགས་དང་རྐྱེན་སྲོལ་དེའི་འོག་ཏུ་བཙུགས་པའི་ཆབ་སྲིད་དང་བཅའ་ཁྲིམས། མཚོ་ཐོག་འགོག་སྲུང་། མཚོ་ཐོག་ཁྲིམས་བསྟར་དང་བདེ་འཇགས། རྒྱ་མཚོའི་དཔལ་འབྱོར་བཅས་བྱ་བའི་ཚན་ཆུང་བཞིའི་གྲོས་ཚོགས་སྤེལ་ཏེ། ཤར་ཕྱོགས་རྒྱ་མཚོའི་འབྲེལ་ཡོད་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། མཚོ་ཐོག་མཉམ་ལས་སྤེལ་བའི་བྱེད་ཐབས་་ལ་གྲོས་བསྡུར་བྱས།

གཅིག་ནས་ཕྱོགས་གཉིས་ཀྱིས་རྐྱེན་སྲོལ་དེའི་ནང་ཕྱོགས་གཉིས་ཀྱི་བྱེད་ཐབས་ལ་བརྟེན་ནས་རྒྱ་མཚོའི་སྲིད་ཇུས་དང་བཅའ་ཁྲིམས་ཐད་ནས་འབྲེལ་འདྲིས་སྲུང་འཛིན་བྱེད་པའི་གལ་ཆེན་རང་བཞིན་ཁས་ལེན་བྱས། གཉིས་ནས་ཕྱོགས་གཉིས་ཀྱིས་འགོག་སྲུང་སྡེ་ཁག་གི་རྒྱ་མཚོ་དང་མཁའ་ཁོངས་ཀྱི་འབྲེལ་གཏུག་རྐྱེན་སྲོལ་ལག་ལེན་དུ་བསྟར་ནས་གྲུབ་འབྲས་བཟང་བོ་ཐོན་པར་བྱེད་པ་དང་། དེ་ལས་གཞན་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འགོག་སྲུང་སྡེ་ཁག་གི་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བར་འཐད་པ་བྱུང་། གསུམ་ནས་ཀྲུང་གོའི་སྤྱི་བདེ་པུའུ་ཡི་མཐའ་སྲུང་དོ་དམ་ཅུའུ་དང་འཇར་པན་མཚོ་ཐོག་བདེ་སྲུང་ཐིན་གྱིས་ཕྱོགས་གཉིས་ཀྱིས་བཀོད་པའི་གྲོས་ཚོགས་རྩ་གནད་གཞིར་བཟུང་ནས་མུ་མཐུད་དུ་ལྐོག་འཚོང་དང་ལྐོག་འབྲོས། དུག་རྫས་ལྐོག་འཚོང་སོགས་རྒྱལ་ཁབ་བརྒལ་བའི་ནག་ཉེས་ལ་ཆམ་ཕབ་གཏོང་བའི་ཐད་ཀྱི་མཉམ་ལས་སྤེལ་བ་དང་། དུས་བབ་དང་འཚམ་པའི་སྐབས་སུ་ཆེད་མཁས་པས་ཕན་ཚུན་འཚམས་འདྲི་བྱེད་པར་འཐད་པ་བྱུང་། བཞི་ནས་ཀྲུང་གོའི་མཚོ་དོན་ཉེན་རྟོག་ཅུའུ་དང་འཇར་པན་མཚོ་ཐོག་བདེ་སྲུང་ཐགིན་གྱིས་སྔར་ཡོད་ཀྱི་འབྲེལ་གཏུག་སྒེའུ་ཁུང་གིས་ཕྱོགས་གཉིས་ཀྱི་བརྡ་འཕྲིན་རྗེས་རེས་ཐད་ནས་འདོན་སྤེལ་བྱས་པའི་ནུས་པ་དང་ལས་བྱེད་མི་སྣའི་བརྗེ་རེས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མཚོ་ཐོག་ཁྲིམས་བསྟར་སྡེ་ཁག་བར་གྱི་མཉམ་ལས་ཇེ་དྲག་ཏུ་གཏོང་བའི་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས། ལྔ་ནས་ཕྱོགས་གཉིས་ཀྱིས་ཀྲུང་གོའི་རྒྱལ་ཁབ་རྒྱ་མཚོའི་ལས་དོན་ཅུའུ་དང་འཇར་པན་ཁོར་ཡུག་ལས་ཁུངས་ཀྱིས་རྐྱེན་སྲོལ་དེའི་ནང་རྒྱ་མཚོའི་གད་སྙིགས་མཉམ་ལས་ཐད་ནས་བླངས་པའི་གྲུབ་འབྲས་ལ་དགའ་བསུ་ཞུས་པ་དང་། ཉིས་སྟོང་བཅོ་བརྒྱད་ལོར་ཀྲུང་གོ་དང་འཇར་པན་གྱི་རྒྱ་མཚོའི་གད་སྙིགས་མཉམ་ལས་ཀྱི་ཆེད་མཁས་པའི་གྲོས་མོལ་སྟེགས་བུའི་གྲོས་ཚོགས་ཐེངས་གཉིས་པ་དང་ཀྲུང་གོ་དང་འཇར་པན་གྱི་རྒྱ་མཚོའི་གད་སྙིགས་ཞིབ་བསྡུར་ཚོགས་འདུ་སྐབས་གཉིས་པ་སྤེལ་ཏེ། མུ་མཐུད་དུ་རྒྱ་མཚོའི་གད་སྙིགས་ཁྱབ་ཁོངས་ཀྱི་མཉམ་ལས་དང་བརྗེ་རེས་ལ་ཤུགས་སྣོན་བྱེད་པར་འཐད་པ་བྱུང་། དྲུག་ནས་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འཇར་པན་གྱི་མཚོ་ཐོག་སྐྱེལ་འདྲེན་སྲིད་ཇུས་གླེང་སྟེགས་སླར་གསོ་བྱས་ཏེ། ཕྱོགས་གཉིས་ཀྱིས་མཉམ་དུ་སེམས་ཁུར་བྱེད་པའི་མཚོ་ཐོག་སྐྱེལ་འདྲེན་སྲིད་ཇུས་ཀྱི་མཉམ་ལས་ལ་གྲོས་བསྡུར་བྱེད་པར་འཐད་པ་བྱུང་བ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་བདེ་འཇགས་དང་སྦགས་བཙོག་འགོག་སྲུང་རྐྱེན་སྲོལ་འོག་གི་མཉམ་ལས་ལ་ཤུགས་སྣོན་བྱས་ནས་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱ་མཚོའི་ལས་དོན་ལ་གྲོས་བསྡུར་བྱེད་པར་འཐད་པ་བྱུང་། བདུན་ནས་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འཇར་པན་གྱི་མཚོ་ཐོག་རྒུད་སྐྱོབ་གྲོས་ཆོད་འགོད་པའི་གལ་ཆེན་རང་བཞིན་ཡང་བསྐྱར་ཁས་ལེན་བྱས་པ་དང་། ཕྱིན་ཆད་མུ་མཐུད་དུ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་འོག་རྒུད་སྐྱོབ་མཉམ་ལས་སྤེལ་བར་ཡིད་འཐད་བྱུང་། བརྒྱད་ནས་ཕྱོགས་གཉིས་ཀྱིས་རྒྱ་མཚོའི་ས་གཤིས་ཚན་རིག་ཁྱབ་ཁོངས་ནས་མཉམ་ལས་དང་ཞིབ་འཇུག་སྤེལ་བར་གྲོས་སྡུར་བྱེད་པར་འཐད་པ་བྱུང་། དགུ་ནས་ཕྱོགས་གཉིས་ཀྱིས་ཤར་ཕྱོགས་རྒྱ་མཚོའི་གནད་དོན་ཐད་ནས་ཐུན་མོང་གི་ལྟ་ཚུལ་འབྱུང་བར་བྱས་ཏེ་འབྲེལ་ཡོད་གནད་དོན་ཐད་ཀྱི་འབྲེལ་འདྲིས་དང་བརྗེ་རེས་ལ་ཤུགས་སྣོན་བྱེད་པར་འཐད་པ་བྱུང་། བཅུ་ནས་ཕྱོགས་གཉིས་ཀྱིས་སང་ལོའི་ལོ་སྟོད་ལ་འཇར་པན་ནས་ཀྲུང་གོ་དང་འཇར་པན་གྱི་རྒྱ་མཚོའི་ལས་དོན་གྱི་མཐོ་རིམ་གྲོས་མོལ་སྐོར་ཐེངས་དགུ་བ་སྤེལ་བར་རྩ་བའི་ཐོག་ནས་ཡིད་འཐད་བྱུང་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།