ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲིར་གྱི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ལྔ་བརྒྱ་དང་བཞི་ལི་པུ་ཡཱ་ནས་ཕྱིར་རྒྱལ་ནང་དུ་ལོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲིར་སྲིད་གཞུང་གིས་ཚེས་བདུན་ཉིན་བཤད་རྒྱུར། ནེ་ཀྲིར་གྱི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ལྔ་བརྒྱ་དང་བཞི་ཁྱིམ་མཚེས་རྒྱལ་ཁབ་ལི་པུ་ཡཱ་ནས་ཕྱིར་རྒྱལ་ནང་དུ་ལོག་ཟེར།

ནེ་ཀྲིར་གྱི་ཙུང་ཐུང་བཞུགས་ཤག་གི་རྒྱལ་སྲིད་པུའུ་ཀྲང་དང་ནང་སྲིད། བདེ་འཇགས། ས་གནས་དབང་བགོ། གོམས་སྲོལ་དང་ཆོས་ལུགས་ལས་དོན་བཅས་ཀྱི་འགན་ཁུར་མཁན་པཱ་ཙུའུ་མུའུ་ཡིས་བསྟན་དོན། མི་ལྔ་བརྒྱ་དང་བཞི་བོ་དེའི་ནང་བུད་མེད་དང་བྱིས་པ་འདུས་པ་དང་། ནེ་ཀྲིར་སྲིད་གཞུང་དང་རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱི་རོགས་རམ་འོག་ཚེས་དྲུག་ཉིན་གྱི་དགོང་མོར་གནམ་གྲུར་བསྡད་དེ་ནེ་ཀྲིར་གྱི་རྒྱལ་ས་ནེ་ཡཱ་མཱེ་རུ་ཡོང་བ་རེད། པཱ་ཙུའུ་མུའུ་ཡིས་བཤད་རྒྱུར། སྲིད་གཞུང་གིས་གནས་སྤོར་སྡོད་དམངས་དེ་དག་ལ་ཁ་ཟས་འདོན་སྤྲོད་བྱེད་བཞིན་ཡོད་པར་མ་ཟད། གང་ནུས་ཀྱིས་ལི་པུ་ཡཱ་རུ་ཡོད་པའི་གནས་སྤོར་སྡོད་དམངས་དག་ལ་རོགས་སྐྱོར་བྱས་ཏེ་ཁོ་ཚོ་ཕྱིར་མེས་རྒྱལ་དུ་ལོག་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར། 
ནེ་ཀྲིར་སྲིད་གཞུང་གིས་བསྒྲགས་པ་ལྟར་ན། མ་འོངས་པའི་ཉིན་འགའ་དང་གཟའ་འཁོར་འགའི་ནང་། གནས་སྤོར་སྡོད་དམངས་སྐོར་ཁག་ལྔ་ཕྱིར་ནེ་ཀྲིར་དུ་བསྐྱལ་རྒྱུ་རེད།

ཉེ་སྔོན་ཨ་མེ་རི་ཁའི་གསར་འགྱུར་སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ཞིག་ལས་ལི་པུ་ཡཱ་རུ་སྡོད་པའི་ཨ་ཧྥེ་རི་ཁ་གླིང་གི་ཁྲིམས་འགལ་གནས་སྤོར་སྡོད་དམངས་དག་གཡོག་ཏུ་བཀོལ་བ་དང་ཕན་ཚུན་ཉོ་ཚོང་བྱེད་བཞིན་པར་བཤད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་དོ་སྣང་རྒྱ་ཆེར་བྱེད་དགོས་ཟེར།

གཡོག་པོ་ཉོ་ཚོང་བྱེད་པའི་དོན་རྐྱེན་ལ་དམིགས་ཏེ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་རྒྱལ་ས་ཨ་པུས་རང་ནས་བསྡུས་པའི་ཡོ་རོབ་གླིང་དང་ཨ་ཧྥེ་རི་ཁ་གླིང་གི་མཐོ་རིམ་གྲོས་ཚོགས་གྲོལ་རྗེས་བཤད་རྒྱུར། ལི་པུ་ཡཱ་རུ་ཡོད་པའི་ཨ་ཧྥེ་རི་ཁ་གླིང་གི་གནས་སྤོར་སྡོད་དམངས་འབུམ་བཞི་ནས་འབུམ་བདུན་ཙམ་ཡོད་པ་དང་། ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་སྒར་ས་བཞི་བཅུ་ལྷག་རྙེད་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་གླིང་མནའ་འབྲེལ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་བཅས་ཀྱིས་གཟའ་འཁོར་འགའི་ནང་བྲེལ་མྱུར་ཕྱི་འཐེན་གྱི་མཉམ་འབྲེལ་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།