ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་བསྡུས་ཏེ་ཨ་མེ་རི་ཁའི་གཞུང་ཚབ་ཁང་ཡེ་ལུའུ་སཱ་ལེམ་དུ་གནས་སྤོར་བར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་པས་ངོ་རྒོལ་བྱ་འགུལ་སྤེལ་ནས་ཉིན་གསུམ་འགོར་བ་དང་བསྟུན་ནས། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་དག་གིས་ཚེས་དགུའི་ཉིན་ཁེ་རོ་ནས་གྲོས་ཚོགས་བསྡུས་ཏེ། ཨ་མེ་རི་ཁས་གཞུང་ཚབ་ཁང་གི་གནས་སྤོར་རྒྱུ་ཐག་བཅད་པར་རྒོལ་གཏམ་བཏང་བ་དང་། དེ་ནི་ཁྲིམས་འགལ་བྱ་སྤྱོད་ཅིག་ཡིན་ལ། ཨ་རབ་མང་ཚོགས་ཀྱི་བརྩེ་སེམས་ལ་དཀྲུག་ཤིང་འཕེན་པའི་བྱ་སྤྱོད་ཅིག་རེད་ཟེར།

ཐེངས་འདིའི་གྲོས་ཚོགས་ནི་ཕཱ་ལེ་སི་ཐན་དབང་ཤུགས་ལས་ཁུངས་དང་ཅོར་ཏན་གྱི་རེ་བ་ལྟར་སྤེལ་བ་ཡིན་ཞིང་། ཨ་མེ་རི་ཁས་དབྱི་སི་རལ་དུ་སྡོད་པའི་གཞུང་ཚབ་ཁང་དེ་ཐི་ལཱ་ཝེ་ཧྥུའུ་ནས་ཡེ་ལུའུ་སཱ་ལེམ་དུ་གནས་སྤོར་རྒྱུ་ཐག་བཅད་པར་རྒོལ་ལན་སྤྲོད་པའི་ཆེད་དུ་རེད།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡིས་གྲོས་ཚོགས་ལ་ཞུགས་པའི་ཕྱི་འབྲེལ་བློན་ཆེན་ཚོར་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡི་ཆོད་དོན་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་ལོ་མང་བའི་རིང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དང་འགལ་ཡོད་ཟེར། ཁོས་རྒྱལ་ཁབ་གཞན་པ་ཨ་མེ་རི་ཁའི་རྗེས་དེད་མི་རུང་བའི་སྐུལ་མ་བཏང་བ་དང་། རྒྱལ་ཁབ་སོ་སོས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕཱ་ལེ་སི་ཐན་དབང་ཤུགས་ལས་ཁུངས་ཀྱི་ཕྱི་འབྲེལ་བློན་ཆེན་མཱ་ལེ་ཅི་ཡིས་གྲོས་ཚོགས་མ་བསྡུས་གོང་གསར་འགོད་པར་བཤད་རྒྱུར། ཨ་མེ་རི་ཁས་གཞུང་ཚབ་ཁང་དེ་ཡེ་ལུའུ་སཱ་ལེམ་དུ་གནས་སྤོར་རྒྱུ་ཐག་བཅད་པ་ནི་ཁྲིམས་འགལ་ཡིན་ཟེར། ཁོས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་དག་གིས་རང་རང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་གྲོས་ཆོད་འདོན་པར་སྐུལ་མ་བཏང་ནས། ཨ་མེ་རི་ཁས་ཆོད་དོན་དེ་རྩིས་མེད་དུ་གཏོང་བའི་རེ་བ་འདོན་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།