ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱིས་ཡེ་ལུའུ་སཱ་ལེམ་ཤར་མ་དེ་ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་རྒྱལ་སར་ཁས་ལེན་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4c9dd4f32f9e3187a705548d04b61f45.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། ཐུར་ཁེའི་དབྱི་སི་ཐན་པོར་ནས། ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པཱ་སི་ཡིས་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་མགོ་གཙོའི་གྲོས་ཚོགས་སྟེང་གཏམ་བཤད་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱིས་ཚེས་བཅུ་གསུམ་ཉིན་ཐུར་ཁེའི་དབྱི་སི་ཐན་པོར་ནས་དམིགས་བསལ་མགོ་གཙོའི་གྲོས་ཚོགས་བསྡུས་རྗེས་སྤྱི་སྒྲོག་སྤེལ་ཏེ། ཡེ་ལུའུ་སཱ་ལེམ་ཤར་མ་དེ་ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་རྒྱལ་སར་ཁས་ལེན་བྱེད་རྒྱུ་ཁྱབ་སྒྲོག་བྱས།

དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱིས་སྤྱི་སྒྲོག་ནང་འཛམ་གླིང་རྒྱལ་ཁབ་སོ་སོས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། ཞོར་དུ་ཡེ་ལུའུ་སཱ་ལེམ་ཤར་མ་དེ་ཕཱ་ལེ་སི་ཐན་གྱི་རྒྱལ་སར་ཁས་ལེན་བྱེད་དགོས་ཟེར། རྩ་འཛུགས་དེས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡེ་ལུའུ་སཱ་ལེམ་གྱི་བཅའ་ཁྲིམས་གོ་གནས་ལ་སྲུང་སྐྱོབ་བྱས་ཏེ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་ས་ཁོངས་བཙན་བཟུང་བྱེད་པར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

སྤྱི་སྒྲོག་ལས་ཨ་མེ་རི་ཁས་ཡེ་ལུའུ་སཱ་ལེམ་དེ་དབྱི་སི་རལ་གྱི་རྒྱལ་སར་ཁས་ལེན་བྱས་པའི་ཆོད་དོན་དེ་ནུས་མེད་ཡིན་པར་བརྗོད་པ་དང་། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཕྱོགས་གཅིག་ནས་ཐག་གཅོད་དེ་འདྲ་བྱས་པར་རྒོལ་གཏམ་བཏང་། སྤྱི་སྒྲོག་ལས་ཨ་མེ་རི་ཁ་ཕྱོགས་ཀྱི་ཆོད་དོན་དེས་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་དབང་ལ་གནོད་སྐྱེལ་ཡོད་པ་དང་། བསམ་བཞིན་དུ་ཞི་བདེ་ལས་དོན་ལ་གཏོར་བརླག་བཏང་བར་མ་ཟད། འཛམ་གླིང་གི་་ཞི་བདེ་དང་གཏན་འཇགས་ལ་འཇིགས་ཉེན་བཟོས་ཡོད་ཟེར།

སྤྱི་སྒྲོག་ལས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལ་བརྟེན་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་བརྩོན་ལེན་བྱེད་རྒྱུ་བསྐྱར་སྒྲོག་བྱས་པར་མ་ཟད། ཨ་མེ་རི་ཁས་ཁྲིམས་འགལ་ཆོད་དོན་རྩིས་མེད་དུ་མ་བཏང་བ་ལས་བྱུང་བའི་མཇུག་འབྲས་ཡོད་ཚད་ལ་འགན་ཁུར་དགོས་པའི་ཉེན་བརྡ་བཏང་།

དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་གྲོས་ཚོགས་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། དབྱི་ལིང་གིས་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པའི་གནས་ཚུལ་འོག་དབྱི་སི་ལན་རྒྱལ་ཁབ་ཚང་མའི་བར་མཉམ་ལས་བྱས་ཏེ་ཡེ་ལུའུ་སཱ་ལེམ་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར། ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་བསྟན་དོན། རྒྱལ་ཁབ་སོ་སོས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་རྒྱབ་སྐྱོར་བྱས་ནས། ཕཱ་ལེ་སི་ཐན་གྱིས་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།