ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་ཆ་རྐྱེན་ཅི་ཡང་མེད་པར་ཁྲའོ་ཞན་བར་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏིས་ལེ་སིན་གྱིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཁྲའོ་ཞན་བར་ཆ་རྐྱེན་ཅི་ཡང་མེད་པའི་གྲོས་མོལ་བྱེད་འདོད་ཡོད་པ་དང་། གྲོས་མོལ་གྱི་དུས་ཚོད་ཁྲའོ་ཞན་ཕྱོགས་ཀྱིས་ཐག་གཅོད་བྱས་ཆོག་ལ། ནང་དོན་ལ་ཚད་བཀག་ཅི་ཡང་མེད་ཟེར། ཁོས་ད་རུང་བཤད་རྒྱུར། ཨ་མེ་རི་ཁས་དམག་དོན་འགུལ་སྐྱོད་སྤེལ་བའི་འཆར་གཞི་རྩིས་མེད་དུ་བཏང་མེད་ཟེར། དེའི་སྔོན་ཨ་མེ་རི་ཁས་ནམ་རྒྱུན་ཁྲའོ་ཞན་གྱིས་ངེས་པར་དུ་སྔོན་ལ་ཉིང་རྡུལ་ནུས་པའི་མཚོན་ཆའི་འཆར་གཞི་བསྐྱུར་ན་ད་གཟོད་གྲོས་མོལ་བྱེད་པ་རྒྱུན་འཁྱོངས་བྱས་ཡོད། དབྱེ་ཞིབ་མི་སྣས་བལྟས་ན། ཏིས་ལེ་སིན་གྱིས་ཨ་མེ་རི་ཁས་ཕྱི་འབྲེལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་བཞིན་པ་ནན་བཤད་བྱས་ཀྱང་། དེ་ལས་ཐི་ལིང་ཕུའུ་སྲིད་གཞུང་གིས་ཁྲའོ་ཞན་ལ་ལག་བསྟར་བྱས་པའི་ངོ་བོའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བའི་མཚོན་རྟགས་མིན་པར་འདོད།

ཚེས་བཅུ་གཉིས་ཉིན། ཏིས་ལེ་སིན་གྱིས་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཧན་གོའི་རྒྱལ་སྤྱིའི་བརྗེ་རེས་ནོར་སྲིད་ཚོགས་པ་དང་ཝ་ཧྲིན་ཐོན་རིག་མཛོད་ཞི་བདེ་ཆེན་མོའི་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་གླེང་སྟེགས་སྟེང་སོ་སོར་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་གླེང་།

ཏིས་ལེ་སིན་གྱིས་བཤད་རྒྱུར། ང་ཚོས་ཁྲའོ་ཞན་གྱིས་འདོད་པའི་དུས་ཚོད་གང་རུང་ལ་གྲོས་མོལ་བྱེད་འདོད་ཡོད་ལ། ང་ཚོས་མ་མཐའ་ཡང་ངོ་ཐུག་དགོས་པ་དང་། དེའི་རྗེས་སུ་ང་ཚོས་མཉམ་དུ་འབད་བརྩོན་བྱས་ཏེ་ལམ་ཐིག་འཆར་གཞི་ིཞིག་གཏན་འབེབ་བྱེད་འདོད་ཡོད་ཟེར།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།