ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲིར་སྲིད་གཞུང་གིས་ཡང་བསྐྱར་བྲེལ་མྱུར་དོགས་ཟོན་ཡུན་ཚད་ཇེ་རིང་དུ་བཏང་སྟེ་འཇིགས་སྐུལ་འཇིགས་ཉེན་ཐག་གཅོད་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་སྲིད་གཞུང་གིས་ཚེས་བཅོ་ལྔ་ཉིན་སྤྱི་སྒྲོག་སྤེལ་ཏེ། འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་ཆེད། ནེ་ཀྲིར་ཤར་ལྷོའི་ཕྱོགས་ཀྱི་ཏིས་ཧྥ་ཞིང་ཆེན་དང་ནུབ་ཕྱོགས་ས་ཁུལ་གྱི་ཞིང་ཆེན་དྲུག་ཏུ་བྲེལ་མྱུར་དོགས་ཟོན་གྱི་ཡུན་ཚད་དེ་ཟླ་འདིའི་ཚེས་བཅོ་བརྒྱད་ཉིན་ནས་བཟུང་ཡང་བསྐྱར་ཟླ་ངོ་གསུམ་གྱིས་ཇེ་རིང་དུ་གཏོང་རྒྱུ་ཡིན་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཏིས་ཧྥ་ཞིང་ཆེན་ལ་འཇིགས་ཉེན་ཆེན་པོ་བཟོས་པ་དང་། ཁྱིམ་མཚེས་རྒྱལ་ཁབ་ལི་པུ་ཡཱ་དང་མཱ་ལིའི་འཇིགས་སྐུལ་བྱ་འགུལ་གྱིས་སཱ་ཧི་ལེ་ས་ཁུལ་གྱི་བདེ་འཇགས་གནས་བབ་ཐད་འགྲན་རྩོད་ཆེན་པོ་གནས་ཡོད་པས། ས་ཁོངས་དེའི་བྲེལ་མྱུར་དོགས་ཟོན་རྣམ་པའི་ཡུན་ཚད་ཇེ་རིང་དུ་གཏོང་བར་དགོས་གལ་ཧ་ཅང་ཆེ་ཟེར།

སཱ་ཧི་ལེ་ས་ཁུལ་དེར་སེ་ནེ་ཀལ་དང་མའོ་ལི་ཐཱ་ནི་ཡཱ། མཱ་ལི། པུ་ཁི་ནཱ་ཧྥ་སོ། ནེ་ཀྲིར་སོགས་རྒྱལ་ཁབ་སོགས་འདུས། ཉེ་བའི་ལོ་འགའི་རིང་ལ་ས་ཁུལ་དེར་དབུལ་ཕོངས་དང་དྲག་ཆས་འཁྲུག་རྩོད། རང་བྱུང་གནོད་འཚེ་བཅས་ཀྱི་དཀའ་ཁག་ཆེན་པོ་བྱུང་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།