ཀྲུང་གོ་བོད་ཀྱི་དྲ་བ།

ཉིའུ་ཡོག་གྲོང་ཁྱེར་གྱི་མན་ཧ་ཐོན་ཁུལ་དུ་འབར་གས་བྱུང་ནས་མི4རྨས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-12-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12ཚེས11ཉིན། ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་ཉིའུ་ཡོག་གྲོང་ཁྱེར་གྱི་མན་ཧ་ཐོན་ཁུལ་དུ་འབར་གས་བྱུང་ནས་མི་4ལ་རྨས་སྐྱོན་ཕོག་པ་དང་། ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་མང་པོ་ཞིག་འཁོར་སྐྱོད་མཚམས་འཇོག་བྱེད་དགོས་བྱུང་བ་རེད། ཉིའུ་ཡོག་གྲོང་ཁྱེར་གྱི་འགོ་འཛིན་པིར་•ཏེ་པུ་ལཱ་སེ་ཨོ་(Bill de Blasio)ཡིས་འདི་ནི"འཇིགས་སྐུལ་གྱི་འཇབ་རྒོལ་མ་འགྲུབ་པ"ཞིག་རེད་ཅེས་བརྗོད་པ་རེད།

      ཉིའུ་ཡོག་ཉེན་རྟོག་ཅུད་ཀྱིས་སྤྱི་ཚོགས་ཀྱི་སྤེལ་རེས་སྨྱན་སྦྱོར་དུ་ཡི་གེ་སྤེལ་ཏེ་དོགས་གཞི་ཡོད་པའི་སྐྱེས་པ་ཞིག་ད་ལྟ་ཉེན་རྟོག་ཕྱོགས་ཀྱིས་བཟུང་ཡོད་ཅེས་བརྗོད་ཡོད་པ་རེད།
     ཉིའུ་ཡོག་ཉེན་རྟོག་ཕྱོགས་ཀྱིས་འབར་གས་བྱུང་དུས་ནི་ཞོགས་པ་ལས་འགོ་ཚུགས་པར་འགྲོ་མཁན་ཆེས་མང་བའི་སྐབས་ཡིན་ལ། ས་གནས་ནི་མན་ཧ་ཐོན་གླིང་ཕྲན་གྱི་ཁྲོམ་སྲང་42པའི་ལམ་ཆེན་8པའི་ཉིའུ་ཡོག་གྲུ་ཁའི་ལས་དོན་ཅུད་ཀྱི་སྤྱི་སྤྱོད་རླངས་འཁོར་སྤྱི་ཁྱབ་ས་ཚིགས་ཡིན་པ་དང་། ཉིའུ་ཡོག་སྐབས་དོན་ཚགས་པར་ཐང་ཆེན་དང་ཐག་རིང་པོ་མི་འདུག་ཅེས་བསྟན་པ་རེད།
     ཉིའུ་ཡོག་གྲོང་ཁྱེར་གྱི་འགོ་འཛིན་པིར་•ཏེ་པུ་ལཱ་སེ་ཨོ་ཡིས་ཉིན་དེའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག འདི་ནི"འཇིགས་སྐུལ་གྱི་འཇབ་རྒོལ་མ་འགྲུབ་པ"ཞིག་རེད་ཅེས་བརྗོད་པ་དང་། ཁོང་གིས་ད་ལྟའི་གནས་ཚུལ་ལ་གཞིགས་ན། དོགས་ཡོད་ཉེས་ཅན་པ"ཁོ་པའི་དམིགས་ཡུལ་འགྲུབ་ཐུབ་མི་འདུག"ཅེས་བརྗོད་པ་རེད།
     ཉིའུ་ཡོག་ཉེན་རྟོག་ཅུད་ཀྱི་འགོ་འཛིན་ཅེ་མུ་སི་•ཨོ་ནེར་གྱིས་ཁྱབ་བསྒྲགས་ཚོགས་འདུའི་ཐོག ཉིན་དེའི་ཆུ་ཚོད་7:20ཡས་མས་སུ། ལོ་27ཙམ་ཟིན་པའི་སྐྱེས་པ་ཞིག་ས་འོག་ལྕགས་ལམ་གྱི་བགྲོད་ལམ་དུ་འགྲོ་དུས། རང་ལུས་སུ་བསྒར་བའི་འབར་གས་སྒྲིག་ཆས་འབར་གས་བྱུང་བ་རེད། འབར་གས་སྒྲིག་ཆས་ཀྱི"ལག་རྩལ་ཚད་གཞི་ཞན་པའི"རང་བཟོས་འབར་རྫས་ཡིན་ལ། དེ་ནི་སྐྱེས་པ་དེས་བཟོས་པ་རེད། འབར་གས་བྱུང་རྗེས། སྐྱེས་པ་ཁོ་རང་རྨས་ཚབས་ཆེན་པོ་བྱུང་བ་མ་ཟད། ཁོའི་ཉེ་འཁོར་གྱི་ལམ་བགྲོད་པ་3ལའང་རྨས་སྐྱོན་ཕོག་པ་དང་། ད་ལྟ་རྨས་མར་ཚེ་སྲོག་གི་ཉེན་ཁ་མི་འདུག་ཅེས་བརྗོད་པ་རེད།
     ཉིའུ་ཡོག་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་འཕྲིན་ལྟར་ན། རྨས་མའི་ཁྲོད་དུ་ཀྲུང་གོའི་སྤྱི་དམངས་མེད་པ་རེད།
      ཟླ་10ཚེས་31ཉིན། མན་ཧ་ཐོན་སྨད་རྒྱུད་དུ་ཟོག་འདྲེན་རླངས་འཁོར་ཆུང་གྲས་ཤིག་གིས་མི་ཚོགས་ལ་རྡུང་བའི་དོན་རྐྱེན་བྱུང་ནས་མི་8རྐྱེན་ལམ་དུ་ཤོར་བ་དང་། མི་12ལ་རྨས་སྐྱོན་བྱུང་བ་རེད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།