ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་ཡང་བསྐྱར་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་གྱི་དོགས་ཡོད་ཉེས་ཅན་བརྒྱ་དང་དགུ་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་དགུའི་ཉིན་ས་ཁུལ་མང་བོ་ནས་ཉུང་མཐར་ཡང་ཉིས་སྟོང་བཅུ་དྲུག་ལོའི་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་ལ་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་བརྒྱ་དང་དགུ་འཛིན་བཟུང་བྱས་པ་དང་། དེའི་ནང་དམག་མི་ང་དྲུག་འདུས་ཡོད།

བསྒྲགས་པ་ལྟར་ན། ཞིབ་དཔྱོད་ཕྱོགས་ཀྱིས་གོང་གི་དོགས་ཡོད་ཉེས་ཅན་དེ་དག་ད་ལྟ་ཨ་མེ་རི་ཁར་སྡོད་པའི་ཐུར་ཁེའི་ཆོས་ལུགས་མི་སྣ་ཅུའུ་ལོན་གྱིས་མགོ་ཁྲིད་པའི་ཅུའུ་ལོན་ལས་འགུལ་ལ་འབྲེལ་བ་ཡོད་པར་སྐྱོན་འཛུགས་བྱས་པ་དང་། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་ཉེར་ལྔ་དང་སེ་ཕུའུ་ལུའུ་སིའི་བྱང་ངོས་ཀྱི་ཐུར་ཁེ་རིགས་འདུས་སྡོད་ས་ཁུལ་དུ་དུས་མཉམ་དུ་འཛིན་བཟུང་འགུལ་སྐྱོད་སྤེལ་བ་རེད།

ཉིས་སྟོང་བཅུ་དྲུག་ལོའི་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར། ཐུར་ཁེ་ནས་ལེགས་འགྲུབ་མ་བྱུང་བའི་དམག་དོན་སྲིད་འགྱུར་བྱུང་སྟེ། མི་ཉིས་བརྒྱ་དང་ལྔ་བཅུ་རྐྱེན་ལམ་དུ་ཤོར། ཐུར་ཁེའི་སྲིད་གཞུང་གིས་སྲིད་འགྱུར་དེར་ཇུས་གཞི་འཐེན་མཁན་གཙོ་བོ་ནི་ཅུའུ་ལོན་ལས་འགུལ་ཡིན་པར་སྐྱོན་འཛུགས་བྱས་པ་དང་། ཅུའུ་ལོན་ལས་འགུལ་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག ཐུར་ཁེའི་ཕྱོགས་ཀྱིས་ནམ་རྒྱུན་ཨ་མེ་རི་ཁས་ཅུའུ་ལོན་ཕྱིར་བརྒྱུད་སྤྲོད་བྱེད་དགོས་པའི་རེ་བ་འདོན་བཞིན་ཡོད།

ཐུར་ཁེ་ཡིས་སྲིད་འགྱུར་གྱི་རྗེས་སུ་སྤེལ་བའི་དག་ཐེར་དང་རྟོག་ཞིབ་འགུལ་སྐྱོད་མིག་སྔར་མུ་མཐུད་དུ་སྤེལ་བཞིན་ཡོད། བསྒྲགས་པ་ལྟར་ན། མིག་སྔར་མི་འབུམ་གཅིག་དང་ཁྲི་ལྔ་ལྷག་གི་ལས་གནས་བླངས་པ་དང་། གཞན་ཡང་མི་ཁྲི་ལྔ་དང་སྟོང་ལྔ་ལྷག་འཛིན་བཟུང་བྱས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།