ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅུའི་ཉིན་ཁ་པར་གྲོས་མོལ་བྱེད་སྐབས། སྔར་ལས་ལྷག་པའི་སྒོ་ནས་ཧན་གོ་དང་ཨ་མེ་རི་ཁའི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་སྐར་མ་སུམ་ཅུའི་རིང་ཁ་པར་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་བསྟན་དོན། ལྷོ་བྱང་གྲོས་མོལ་དེ་ཁྲའོ་ཞན་གྱིས་འཐུས་ཚབ་ཚོགས་པ་མངག་ནས་ཕེན་ཁྲང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་གྲོས་གཞི་ལས་བརྒལ་ཡོད་པ་དང་། གོ་རིམ་རྗེས་མར་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དམིགས་འབེན་དུ་བྱས་ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་སྤེལ་ཡང་སྲིད་ཟེར།

ཝུན་ཙེ་ཡུན་གྱིས་བཤད་རྒྱུར། ཧན་གོ་དང་ཁྲའོ་ཞན་གྱི་མཐོ་རིམ་གྲོས་མོལ་གྱི་གྲུབ་འབྲས་དེ་ཙུང་ཐུང་ཐི་ལིང་ཕུའུ་ཡི་འགྱུར་མེད་རྩ་དོན་དང་མཉམ་ལས་ལས་བྱུང་བ་ཡིན་ཟེར། ཐི་ལིང་ཕུའུ་ཡིས་བསྟན་དོན། གལ་ཏེ་ཁྲའོ་ཞན་གྱིས་གྲོས་མོལ་བྱེད་འདོད་ཡོད་ན། ཨ་མེ་རི་ཁས་འོས་འཚམ་གྱི་དུས་དང་གནས་ཚུལ་འོག གྲོས་མོལ་བྱེད་པའི་སྒོ་གླེགས་ཡངས་པོར་ཕྱེས་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཉེ་སྔོན་ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་ཁོས་ཁྲའོ་ཞན་ལ་དམག་དོན་ཆམ་ཕབ་གཏོང་བསམ་བློ་གཏོང་བཞིན་པར་བརྗོད་པ་ནི་དོན་དངོས་མིན་ལ། ལྷོ་བྱང་གྲོས་མོལ་སྤེལ་བའི་སྐབས་སུ་དམག་དོན་འགུལ་སྐྱོད་ཅི་ཡང་སྤེལ་མི་སྲིད་ཟེར།

ཐི་ལིང་ཕུའུ་ཡིས་ད་རུང་བསྟན་དོན། ཙུང་ཐུང་གཞོན་པ་ཕིན་སི་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པའི་ཚོགས་གཙོའི་ཐོབ་ཐང་གིས་ཕེན་ཁྲང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།