ཉིས་སྟོང་བཅུ་བདུན་ལོར་ཉུང་མཐར་ཡང་གསར་འགྱུར་བྱ་བ་བྱེད་མཁན་ཉི་ཤུ་ཨ་ཧྥུའུ་ཧན་ནས་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གསར་འགོད་པའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་གཅིག་ཉིན་སྙན་ཞུ་སྤེལ་ཏེ། ཉིས་སྟོང་བཅུ་བདུན་ལོར་ཉུང་མཐར་ཡང་གསར་འགྱུར་བྱ་བ་བྱེད་མཁན་ཉི་ཤུ་ཨ་ཧྥུའུ་ཧན་གྱི་རིགས་སྣ་ཚོགས་ཀྱི་དྲག་ཤུགས་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། ཁ་གྲངས་དེ་ཉིས་སྟོང་བཅུ་དྲུག་ལོ་ནས་བརྒྱ་ཆའི་ང་བཞི་འཕར་ཡོད་ཟེར།

ཨུ་ཡོན་ལྷན་ཁང་དེའི་འགན་ཁུར་བ་ཞེ་ལི་ཧྥུའུ་ཡིས་ཉིན་དེར་རྒྱལ་ས་ཁཱ་པོར་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་སྙན་ཞུ་དེ་ཁྱབ་སྒྲོག་བྱས། སྙན་ཞུ་ལས་བཤད་རྒྱུར། ཉིས་སྟོང་བཅུ་བདུན་ལོ་ནི་ཨ་ཧྥུའུ་ཧན་གྱི་གསར་འགྱུར་བྱ་བ་བྱེད་མཁན་ལ་མཚོན་ན་ཡ་ང་བའི་ལོ་ཞིག་ཡིན་ཞིང་། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་བསྡོམས་པས་གསར་འགྱུར་བྱ་བ་བྱེད་མཁན་ལ་དམིགས་པའི་དྲག་ཤུགས་དོན་རྐྱེན་ཐེངས་བརྒྱ་དང་རེ་དགུ་བྱུང་བ་དང་། ཉིས་སྟོང་བཅུ་དྲུག་ལོ་ལས་བརྒྱ་ཆའི་རེ་བདུན་འཕར་ཡོད།

སྙན་ཞུ་ལས་བཤད་རྒྱུར། གསར་འགྱུར་བྱ་བ་བྱེད་མཁན་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་ཚང་མ་ནི་ཐལ་སྤྱོད་རྩ་འཛུགས་ཀྱིས་བཟོས་པ་ཡིན་ཞིང་། དེའི་ནང་མི་བཅོ་བརྒྱད་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དམར་གསོད་བཏང་བ་དང་། མི་གཉིས་ཐཱ་ལེ་པན་རྩ་འཛུགས་ཀྱིས་དམར་གསོད་བཏང་བ་རེད་ཟེར།

སྙན་ཞུ་ལས་བཤད་རྒྱུར། བདེ་འཇགས་གནས་བབ་ཇེ་སྡུག་ཏུ་སོང་ཡང་། ཨ་ཧྥུའུ་ཧན་གསར་འགྱུར་ལས་རིགས་ཀྱིས་ཉིས་སྟོང་བཅུ་བདུན་ལོར་སྔར་བཞིན་གྲུབ་འབྲས་གལ་ཆེན་ལོན་ཡོད། དཔེར་ན་བུད་མེད་གསར་འགྱུར་བྱ་བ་བྱེད་མཁན་གྱིས་སྤེལ་བའི་གསར་འགྱུར་འཕྲིན་ལམ་གཉིས་གསར་དུ་བཏོད་ཡོད།

ཨུ་ཡོན་ལྷན་ཁང་དེས་ཨ་ཧྥུའུ་ཧན་སྲིད་གཞུང་གིས་གང་མགྱོགས་སྒོས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་གསར་འགྱུར་བྱ་བ་བྱེད་མཁན་གྱི་བདེ་འཇགས་ལ་སྔར་ལས་ལྷག་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།