དབྱི་རག་བྱང་ཕྱོགས་ས་ཁུལ་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་སེར་དཀྱུས་མ་བཞི་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་ཉེན་རྟོག་ཕྱོགས་ཀྱི་མི་སྣས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཉིན་དེར་དབྱི་རག་བྱང་ཕྱོགས་ཀྱི་ཅི་ཨར་ཁུའུ་ཁི་ཞིང་ཆེན་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བཟོས་ཏེ། མི་སེར་དཀྱུས་མ་བཞི་རྐྱེན་ལམ་དུ་ཤོར་ཟེར།

ཅི་ཨར་ཁུའུ་ཁི་ཞིང་ཆེན་ཉེན་རྟོག་ཕྱོགས་ཀྱི་དཔོན་པོས་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གསུམ་གྱིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་ཞིང་ཆེན་དེའི་ཧཱ་ཝེ་ཅེ་ས་ཁུལ་གྱི་གྲོང་སྡེ་ཞིག་ལ་འཇབ་རྒོལ་བྱས་ཏེ། སྡེ་མི་གཅིག་བསད། དྲག་ཆས་ཉེས་ཅན་དེ་གསུམ་པོ་སྲིད་གཞུང་དམག་དཔུང་གིས་བསད་ཟེར།

ཉེན་རྟོག་དཔོན་པོ་དེས་བཤད་རྒྱུར། ཧཱ་ཝེ་ཅེ་ས་ཁུལ་གྱི་སྡེ་བ་གཞན་ཞིག་ཏུ་ཉིིན་དེའི་སྔ་དྲོར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། བུད་མེད་གཅིག་དང་མོའི་བྱིས་པ་གཉིས་དམར་གསོད་བཏང་།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།