ཀྲུང་གོ་བོད་ཀྱི་དྲ་བ།

ཕེ་རུའི་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚད་རིམ་དྲུག་དང་གྲངས་ཆུང་བརྒྱད་ཀྱི་ས་འགུལ་བྱུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1月14日,救援人员在废墟现场实施救援。.jpg

ཟླ་དང་པོའི་ཚེས་བཅུ་བཞིའི་ཉིན། རྒུད་སྐྱོབ་མི་སྣས་ཞིག་རོའི་ཁྲོད་རྒུད་སྐྱོབ་བྱ་བ་སྤེལ་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕེ་རུའི་རྒྱལ་ཁབ་དམངས་སྲུང་ཅུའུ་ཡིས་ཚེས་བཅུ་བཞིའི་ཉིན་ཁྱབ་སྒྲོག་བྱས་དོན། ཕེ་རུའི་ལྷོ་ཕྱོགས་ཀྱི་ཨ་ལོས་ཅི་ཕཱ་ས་ཁུལ་གྱི་ཉེ་འདབས་མཚོ་ཁོངས་སུ་ཉིན་དེའི་ཞོགས་པར་ཚད་རིམ་དྲུག་དང་གྲངས་ཆུང་བརྒྱད་ཀྱི་ས་འགུལ་བྱུང་བ་དང་། མིག་སྔར་མི་གཉིས་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཕེ་རུའི་དམངས་སྲུང་ཅུའུ་ཡི་འགན་ཁུར་བ་ཁྲ་ཝེ་སི་ཡིས་བདེན་དཔང་བྱས་དོན། མང་ཚོགས་ཀྱི་སྡོད་ཁང་སྐོར་ཞིག་རྡིབས་པ་ལས་གཞན་ས་འགུལ་དེ་ལས་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ཙམ་ལ་རྨས་ཕོག་ཡོད་ཟེར། ཕེ་རུའི་ཙུང་ཐུང་ཁུའུ་ཆིན་སི་ཅི་གནོད་ཐེབས་ས་ཁུལ་དུ་སོང་ནས་གནོད་ཐེབས་གནས་ཚུལ་ལ་རྟོག་ཞིབ་དང་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།

ཕེ་རུའི་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་ཁང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་ས་འགུལ་བྱུང་ས་གཙོ་བོ་ནི་ཨ་ལོས་ཅི་ཕཱ་ཞིང་ཆེན་གྱི་ཉེ་འདབས་མཚོ་ཁོངས་ཡིན་པ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་ཞེ་བརྒྱད་ཡོད་ལ། ཞིང་ཆེན་དེའི་མཚོ་འགྲམ་གྲོང་ཁྱེར་ལོ་མཱ་སིའི་བར་བར་ཐག་སྤྱི་ལེ་ང་དྲུག་ཡོད་ཟེར། ཕེ་རུའི་མཚོ་དམག་གིས་ཐེངས་འདིའི་ས་འགུལ་ལས་རྒྱ་མཚོ་འཕྱུར་བའི་གནས་ཚུལ་འབྱུང་མི་སྲིད་པ་ཁས་ལེན་བྱས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།