ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཁྲའོ་ཞན་གྱིས་ཁྲའོ་ཞན་ཕྱོགས་ཀྱི་སྒྱུ་རྩལ་འཐུས་ཚབ་ཚོགས་པས་ཧན་གོར་འཚམས་འདྲི་བྱེད་པར་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་དང་ཧན་གོ་ཕྱོགས་གཉིས་ཀྱི་འཐུབ་མིས་ཚེས་བཅོ་ལྔ་ཉིན་པན་མིན་མགྲོན་ཁང་གི་ཁྲའོ་ཞན་ཕྱོགས་ཀྱི་གཅིག་གྱུར་ཁང་ནས་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཕེན་ཁྲང་གི་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་སྐབས་སུ་ཁྲའོ་ཞན་ཕྱོགས་ཀྱི་སྒྱུ་རྩལ་འཐུས་ཚབ་ཚོགས་པ་ཧན་གོར་སོང་ནས་འཁྲབ་སྟོན་བྱེད་པའི་དོན་ལ་གྲོས་འཆམ་བྱུང་།

ཧན་གོའི་གཅིག་གྱུར་གཅིག་པུའུ་ཡིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། ཁྲའོ་ཞན་ཕྱོགས་ཀྱི་སྒྱུ་རྩལ་འཐུས་ཚབ་ཚོགས་པའི་མི་བརྒྱ་དང་བཞི་བཅུ་ལྷག་གིས་ཧན་གོར་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཅང་ལིན་དང་ཧྲིག་ཨར་ནས་འཁྲབ་སྟོན་བྱེད་རྒྱུ་རེད། ཧན་གོའི་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་ཀྱི་སྒྱུ་རྩལ་འཐུས་ཚབ་ཚོགས་པར་སྟབས་བདེ་གང་ལེགས་བསྐྲུན་པ་དང་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་རེད། ཁྲའོ་ཞན་ཕྱོགས་ཀྱིས་གང་མགྱོགས་སྒོས་རྟོག་ཞིབ་ཚོགས་པ་མངག་ནས་རྟོག་ཞིབ་བྱེད་རྒྱུ་རེད། ཕྱོགས་གཉིས་ཀྱིས་ད་རུང་འཁྲབ་སྟོན་བྱེད་ས་དང་གར་སྟེགས། སྒྲིག་ཆས་སོགས་བྱེ་བྲག་གི་ནང་དོན་ཐད་ནས་པན་མིན་མགྲོན་ཁང་གི་འབྲེལ་གཏུག་ཐབས་ལམ་བརྒྱུད་དེ་གྲོས་མོལ་བྱེད་རྒྱུ་རེད།

ཧན་གོའི་གཅིག་གྱུར་པུའུ་ཡིས་བསྟན་དོན། ཁྲའོ་ཞན་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་པན་མིན་མགྲོན་ཁང་གི་ཧན་གོའི་ཕྱོགས་ཀྱི་ཞི་བདེའི་གཞིས་ཁྱིམ་ནས་ཁྲའོ་ཞན་ཕྱོགས་ཀྱི་འཐུས་ཚབ་ཚོགས་པ་ཕེན་ཁྲང་གི་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་གནད་དོན་ཐད་ནས་དངོས་གཉེར་གྲོས་མོལ་བྱེད་པའི་གྲོས་གཞི་བཏོན་པ་དང་། ཧན་གོའི་ཕྱོགས་དེར་ཡིད་འཐད་བྱུང་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།