ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱ་ཡིས་ཨ་མེ་རི་ཁས་སི་རི་ཡཱ་ནས་དམངས་དམག་དྲག་ཆས་རྩ་འཛུགས་བྱས་པར་རྒོལ་གཏམ་དྲག་པོ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས15ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་སི་རི་ཡཱའི་ཤར་ཕྱོགས་ས་ཁུལ་ནས་དམངས་དམག་དྲག་ཆས་རྩ་འཛུགས་བྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། བྱ་སྤྱོད་དེས་སི་རི་ཡཱའི་བདག་དབང་དང་གཅིག་གྱུར། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་མངོན་སུམ་འཛེམ་མེད་ཀྱིས་གནོད་པ་བཟོས་ཡོད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ལའང་མངོན་གསལ་གྱིས་འགལ་ཡོད། བྱ་སྤྱོད་དེ་ནི་ཨ་མེ་རི་ཁའི་དབང་འཛིན་ལས་ཁུངས་ཀྱིས་ས་ཁུལ་ནས་ཁྱབ་གདལ་དུ་བཏང་བའི་གཏོར་བརླག་རང་བཞིན་གྱི་སྲིད་ཇུས་ལས་བྱུང་བ་ཡིན་ཞིང་། དེའི་དམིགས་ཡུལ་ནི་ས་ཁུལ་གྱི་རྒྱལ་ཁབ་དག་ཁ་བྲལ་དུ་གཏོང་བ་དང་། ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གཏོང་བ། ཉམས་ཉེན་ཐག་གཅོད་བྱེད་པར་བཀག་རྒྱ་བཟོ་བའི་ཆེད་དུ་རེད་ཟེར།

སི་རི་ཡཱའི་སྲིད་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་མེ་རི་ཁའི་ཉེན་ཁའི་བྱ་སྤྱོད་དེར་རྒོལ་གཏམ་གཏོང་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཨ་མེ་རི་ཁས་ང་རྒྱལ་གྱི་སྤྱོད་ཚུལ་དང་སྒེར་གཅོད་ཀྱི་བསམ་བློ་དེ་མཚམས་འཇོག་དགོས་པའི་རེ་བ་བཏོན། སི་རི་ཡཱའི་སྲིད་གཞུང་གིས་ཨ་མེ་རི་ཁས་རྒྱབ་སྐྱོར་བྱེད་པའི་དམངས་དམག་རྩ་འཛུགས་དེར་ཞུགས་པའི་སི་རི་ཡཱའི་མི་སུ་ཡིན་ཡང་མེས་རྒྱལ་དང་མི་དམངས་ཀྱི་ངོ་ལོག་པར་ངོས་འཛིན་བྱེད་སྲིད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།