ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་མུ་མཐུད་དུ་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བར་ཞབས་ཞུ་བྱེད་རྒྱུ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རོགས་སྐྱོར་དང་བཟོ་སྐྲུན་ཁྲུའུ་ཡིས་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ལས་ཁུངས་དེར་ཨ་མེ་རི་ཁས་རོགས་སྐྱོར་མ་དངུལ་བཀག་ཉར་བྱེད་པའི་འཇིགས་ཉེན་ལ་འཕྲད་ཡོད་ཀྱང་། སྔར་བཞིན་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བར་ཞབས་ཞུ་བྱེད་བཞིན་ཡོད་ཟེར།

ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་རོགས་སྐྱོར་དང་བཟོ་སྐྲུན་ཁྲུའུ་ཡི་མགྲིན་ཚབ་པ་མུའུ་ཧྲ་ཧྲ་ཡིས་གསར་འགྱུར་སྤྱི་སྒྲོག་ནང་བཤད་རྒྱུར། རོགས་སྐྱོར་མ་དངུལ་ཇེ་ཉུང་དུ་འགྲོ་བའི་གནད་དོན་ལ་འཕྲད་ཡོད་ཀྱང་ལས་ཁུངས་དེས་མུ་མཐུད་དུ་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བར་ཞབས་ཞུ་གལ་ཆེན་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། དམ་བཅའ་དེར་ཨ་མེ་རི་ཁཱ་ལས་ཁུངས་དེའི་རོགས་སྐྱོར་མ་དངུལ་བཀག་ཉར་བྱེད་འདོད་པའི་ཤུགས་རྐྱེན་ཅི་ཡང་ཐེབས་མི་སྲིད་ཟེར།

མགྲིན་ཚབ་པ་དེས་བཤད་རྒྱུར། ཕཱ་ལེ་སི་ཐན་ཡུལ་གྱར་བའི་རོགས་སྐྱོར་དང་བཟོ་སྐྲུན་ཁྲུའུ་ཡིས་རྒྱུན་ཆད་མེད་པར་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ། སི་རི་ཡཱ། ལེ་པཱ་ནུན། ཅོར་ཏན་བཅས་ཀྱི་ཕཱ་ལེ་སི་ཐན་གྱི་ཐོ་འགོད་བྱས་པའི་ཡུལ་གྱར་བ་ས་ཡ་ལྔ་དང་འབུམ་དགུ་ལ་སྤྱི་ཚོགས་དང་རྒུད་སྐྱོབ། སྨན་བཅོས། སློབ་གསོ་སོགས་ཐད་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ང་ཚོས་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བར་ཁ་ཡ་མི་བྱེད་པ་མི་སྲིད་ལ། ང་ཚོས་ཧུར་ཐག་སྒོས་ཁོ་ཚོར་སྲུང་སྐྱོབ་བྱས་ཤིང་། ཁོ་ཚོའི་ལ་རྒྱ་དང་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་མ་ཟད། མ་དངུལ་གྱི་ཡོང་ཁུངས་གསར་བ་འཚོལ་ཞིབ་བྱེད་རྒྱུ་ཡིན་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།