ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་སི་རི་ཡཱ་དང་དབྱི་རག ཐུར་ཁེ་བཅས་ཀྱི་མཐའ་མཚམས་ས་ཁུལ་བདག་བཟུང་བྱེད་རྩིས་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁས་སི་རི་ཡཱ་དང་ཐུར་ཁེ། དབྱི་རག་བཅས་ཀྱི་མཐའ་མཚམས་ས་ཁུལ་བདག་བཟུང་བྱེད་རྩིས་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་མའོ་སི་ཁི་ནས་འཚམས་འདྲིར་ཡོང་བའི་ཡེ་མིན་གྱི་ཕྱི་འབྲེལ་བློན་ཆེན་མཱ་ཧི་ལཱ་ཧྥེ་དང་གྲོས་མོལ་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་དེའི་སྔོན་མཉམ་འཇོག་བྱས་པ་ལྟར་ན། ཨ་མེ་རི་ཁས་སི་རི་ཡཱ་ནས་ཚབ་བྱེད་སྲིད་གཞུང་གསར་སྐྲུན་བྱེད་རྩིས་ཡོད་ལ། ཨ་མེ་རི་ཁས་སི་རི་ཡཱའི་མངའ་ཁོངས་ནས་རང་ཉིད་ལ་མཉམ་ལས་བྱེད་པའི་སྟོབས་ཤུགས་རེ་འགར་མངོན་སུམ་གྱིས་མཚོན་ཆ་འདོན་སྤྲོད་བྱེད་བཞིན་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། མངོན་སུམ་འཛེམ་མེད་ཀྱིས་སི་རི་ཡཱའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱེད་ཐབས་དེར་ཡར་སྐུལ་གཏོང་ཆེད། ཉིན་འགའི་སྔོན་ཨ་མེ་རི་ཁས་སི་རི་ཡཱ་དང་ཐུར་ཁེ། དབྱི་རག་བཅས་ཀྱི་མཐའ་མཚམས་ས་ཁུལ་ནས་བདེ་འཇགས་དམག་དཔུང་རྩ་འཛུགས་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཨ་མེ་རི་ཁས་དོན་དེ་ཁས་ལེན་མ་བྱས་ཀྱང་། དོན་དངོས་ཐོག་སི་རི་ཡཱ་དང་དབྱི་རག ཐུར་ཁེ་བཅས་ཀྱི་མཐའ་མཚམས་ས་ཁུལ་ཚོད་འཛིན་བྱེད་པའི་བྱ་འགུལ་ལ་ཡར་སྐུལ་གཏོང་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།