ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་ཨ་མེ་རི་ཁས་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པར་རོགས་སྐྱོར་བྱེད་མཚམས་འཇོག་རྒྱུ་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་སྲིད་གཞུང་གིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་མེད་ཁི་མཱ་སི་ཐི་ཡིས་ཐུར་ཁེ་ཕྱོགས་ལ་ཁས་ལེན་བྱས་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པར་དམག་དོན་རོགས་སྐྱོར་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར།

ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱི་མགྲིན་ཚབ་པ་ཁཱ་ལོན་གྱིས་ཚེས་ཉེར་དྲུག་ཉིན་མེད་ཁི་མཱ་སི་ཐི་དང་ཁ་པར་གྲོས་མོལ་བྱས་རྗེས། ཨ་མེ་རི་ཁའི་ཕྱོགས་ཀྱིས་མི་དམངས་སྲུང་སྐྱོབ་དམག་དཔུང་ལ་མཚོན་ཆ་འདོན་སྤྲོད་བྱེད་མཚམས་འཇོག་རྒྱུ་བདེན་དཔང་བྱས།

ཐུར་ཁེ་ཕྱོགས་ཀྱིས་མི་དམངས་སྲུང་སྐྱོབ་དམག་དཔུང་ནི་ཐུར་ཁེའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཁུའུ་ཨར་ཏི་བཟོ་བའི་ཏང་གི་སི་རི་ཡཱའི་ཡན་ལག་རུ་ཁག་ཡིན་པར་འདོད་པ་དང་། དྲག་ཆས་ཚོགས་ཁག་དེ་གཉི་ག་འཇིགས་སྐུལ་རྩ་འཛུགས་སུ་གཏན་འཁེལ་བྱས་ཡོད།

མི་དམངས་སྲུང་སྐྱོབ་དམག་དཔུང་ལ་ཨ་མེ་རི་ཁའི་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ཨ་མེ་རི་ཁས་བལྟས་ན་ཁུའུ་ཨར་ཏི་བའི་དྲག་ཆས་ཚོགས་ཁག་དེ་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བ་དང་སི་རི་ཡཱའི་སྲིད་གཞུང་དམག་དཔུང་ལ་འགོག་རྒོལ་བྱེད་པའི་དབུས་གནས་ཀྱི་སྟོབས་ཤུགས་ཤིག་ཡིན་པར་རློམ་ནས། དེར་མཚོན་ཆ་དང་སྒྲིག་ཆས་འདོན་སྤྲོད་བྱས་པར་མ་ཟད་དམག་དོན་སྦྱོང་བརྡར་དང་བློ་འདྲི་ཡང་འདོན་སྤྲོད་བྱེད་བཞིན་ཡོད་པ་རེད།

ཐུར་ཁེ་ཕྱོགས་ཀྱིས་ཁུའུ་ཨར་ཏི་རིགས་ཀྱིས་སི་རི་ཡཱའི་ནང་འཁྲུག་ཁྲོད་སྟབས་ཤུགས་ཇེ་ཆེར་འགྲོ་བར་སེམས་ཁུར་བྱས་ཏེ་ཨ་མེ་རི་ཁས་ཁུའུ་ཨར་ཏི་དྲག་ཆས་པར་རོགས་སྐྱོར་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཀྱང་། ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་མནའ་འབྲེལ་གྱིས་ཟླ་དང་པོའི་ཟླ་དཀྱིལ་ལ་ཁྱབ་སྒྲོག་བྱས་དོན། སི་རི་ཡཱ་ནས་ངོ་རྒོལ་ཕྱོགས་ཁག་གིས་གྲུབ་པའི་དྲག་ཆས་རྩ་འཛུགས་ཤིག་འཛུགས་རྒྱུ་ཡིན་པ་དང་། དེར་ཧ་ལམ་མི་ཁྲི་གསུམ་ཡོད། དེའི་ནང་མང་ཆེ་བ་ནི་མི་དམངས་སྲུང་སྐྱོབ་དམག་དཔུང་ཞེས་པའི་གཙོ་ཤུགས་དམག་དཔུང་ཡིན་པ་རེད།

ཨ་མེ་རི་ཁའི་བྱ་སྤྱོད་དེས་ཐུར་ཁེ་ལ་ཁོང་ཁྲོ་ཆེན་པོ་བསླངས་པ་དང་། ཐུར་ཁེ་ཕྱོགས་ཀྱིས་ཚེས་ཉི་ཤུའི་ཉིན་བར་སྣང་དང་ས་ངོས་ནས་སི་རི་ཡཱ་དང་ཐུར་ཁེའི་རྒྱལ་མཚམས་བརྒལ་ཏེ་ཁུའུ་ཨར་ཏི་དྲག་ཆས་པའི་སྦས་སྐོང་བྱེད་ས་ཨ་ཧྥུའུ་ལིན་ལ་དཔུང་འཇུག་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།