ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁ་གླིང་བར་ཞི་བདེ་དང་བདེ་འཇགས་ལས་དོན་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་རེ་སྒུག་བྱེད་བཞིན་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡིས་ཚེས་ཉེར་བརྒྱད་ཉིན་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེ་པཱ་ནས་བསྟན་དོན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་བར་ཞི་བདེ་དང་བདེ་འཇགས་ལས་དོན་ཐད་ནས་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

ཀའེ་ཐི་ཡིས་ཉིན་དེར་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་སྐབས་སུམ་ཅུ་བའི་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་དུས་ཡུན་རིང་བོར་ཨ་ཧྥེ་རི་ཁ་གླིང་བར་གྱི་གྲོགས་པོའི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། མ་འོངས་པར་ཨ་ཧྥེ་རི་ཁ་གླིང་བར་གྱི་ཞི་བདེ་དང་བདེ་འཇགས་ལས་དོན་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།

ཀའེ་ཐི་ཡིས་བཤད་རྒྱུར། ད་ལྟ་ཨ་རབ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་གླིང་ས་ཁུལ་གྱི་གནས་བབ་ཛ་དྲག་ཡིན་པ་དང་གཏན་འཇགས་མིན་པ་སོགས་ཀྱི་གནད་དོན་ལ་འཕྲད་ཡོད་པས། ང་ཚོས་མཉམ་དུ་འབད་བརྩོན་བྱས་ཤིང་རང་ནུས་ཅི་ཡོད་འདོན་པ་དང་ཁྱད་སྟོབས་ཁ་གསབ་བྱས་ཏེ་འགྲན་རྩོད་དང་ཉམས་ཉེན་ཐག་གཅོད་བྱེད་དགོས་ཟེར།

ཀའེ་ཐི་ཡིས་ནན་གྱིས་བསྟན་དོན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་མཐུན་སྦྱོར་དང་མཉམ་ལས་ཇེ་དྲག་ཏུ་བཏང་ནས་མཉམ་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་བཏང་ཆོག་ཟེར།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་ཉིན་དེར་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་ཨ་རབ་རྒྱལ་ཁབ་ཀྱིས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཐད་ནུས་ཤུགས་བཏོན་པར་ཡིད་ཚིམས་ཡོད་པ་དང་། མཉམ་ལས་ལས་ཨ་ཧྥེ་རི་ཁ་གླིང་ལ་ཕན་ཐོགས་མི་དམན་པ་བྱུང་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།