ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁས་ལྷོ་བྱང་གི་ཞི་བའི་འགྲིག་མཐུན་འཕེལ་རིམ་ལ་གཏོར་བརླག་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཟླ་གཉིས་པའི་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་ལིས་ཡུང་ཧའོ་ཡིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་འཕྲིན་ཡིག་བསྐུར་ཏེ། ཨ་མེ་རི་ཁས་ལྷོ་བྱང་གི་ཞི་བའི་འགྲིག་མཐུན་ལ་གཏོར་བརླག་བྱས་ཏེ་ཕྱེད་གླིང་གི་ཛ་དྲག་གནས་བབ་ཇེ་སྡུག་ཏུ་བཏང་བར་རྒོལ་གཏམ་བཏང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དོན་དེར་ཡིད་འཇོག་བྱས་ཏེ་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས་པའི་འབོད་སྐུལ་བཏང་།

ལིས་ཡུང་ཧའོ་ཡིས་འཕྲིན་ཡིག་ནང་བསྟན་དོན། མིག་སྔར་ལྷོ་བྱང་གི་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་བླངས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱེད་གླིང་གི་གནས་བབ་ཞི་འཇགས་སུ་སོང་བར་དགའ་བསུ་བྱེད་པའི་སྐབས་སུ། ཨ་མེ་རི་ཁས་ཉིང་རྡུལ་སྒུལ་ཤུགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་མང་བོ་ཁྲའོ་ཞན་ཕྱེད་གླིང་གི་ཉེ་འདབས་སུ་མངགས་ཏེ་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གཏོང་བཞིན་ཡོད་ཟེར།

ཁྲའོ་ཞན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཨ་མེ་རི་ཁའི་ཕྱེད་གླིང་གི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་གཏོང་བའི་བྱ་སྤྱོད་ལ་ཡིད་འཇོག་བྱས་ཏེ། ཨ་མེ་རི་ཁས་བྱ་སྤྱོད་དེ་རིགས་རྩ་བ་ནས་མཚམས་འཇོག་ཏུ་འཇུག་པར་འབད་འབུངས་བྱེད་པར་རེ་སྒུག་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ལྷོ་བྱང་གི་འབྲེལ་བའི་ལེགས་བཅོས་འཕེལ་རིམ་དང་ཉེ་འཁོར་རྒྱལ་ཁབ་དག་གིས་བཀག་བྱེད་ཀྱི་བྱ་འགུལ་གང་རུང་སྤེལ་མི་རུང་བ་གྲོས་གཞིར་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྤྲད་དེ་གྲོས་བསྡུར་བྱེད་དུ་འཇུག་དགོས་པའི་རེ་བ་བཏོན།

ཁྲའོ་ཞན་གྱིས་སྔོན་ལྟར་ལྷོ་བྱང་གི་འབྲེལ་བ་ལེགས་བཅོས་བྱེད་པར་འབད་འབུངས་ཆེན་པོ་བྱེད་བཞིན་ཡོད་ཀྱང་། ལྷོ་བྱང་གི་འབྲེལ་བའི་ལེགས་བཅོས་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་དག་སྣང་མེད་དུ་གཏན་ནས་བསྐྱུར་མི་སྲིད་ཟེར།

བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཁཱ་ཨར་ཝུན་སིན་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་ཚོགས་པ་ཟླ་དང་པོའི་ཟླ་མགོར་ཧྲིན་ཏིས་ཀི་མཚོ་དམག་རྟེན་གཞི་ནས་ལམ་དུ་ཆས་པ་དང་། ཚོད་དཔག་ལྟར་ན་ཟླ་གཉིས་པའི་ཚེས་དགུ་ཉིན་ཕེན་ཁྲང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་མགོ་མ་བརྩམས་གོང་ཁྲའོ་ཞན་ཕྱེད་གླིང་ཉེ་འདབས་ཀྱི་མཚོ་ཁོངས་སུ་འབྱོར་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།