ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་ཨེ་ཆིན་མཚོ་མོའི་མཚོ་ཁོངས་ནས་སི་རི་ཡཱའི་ཡུལ་གྱར་བ་བཅུ་གསུམ་བསྐྱབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཚེས་དྲུག་ཉིན་ཐུར་ཁེའི་ལྷོ་ནུབ་ཕྱོགས་ཀྱི་མུའུ་ལཱ་ཞིང་ཆེན་གྱི་ཏཱ་ཐི་ཆཱ་ས་ཁུལ་གྱི་ཨེ་ཆིན་མཚོ་མོའི་མཚོ་ཁོངས་ནས་ཞི་ལཱ་རུ་ལྐོག་འགྲོས་བྱེད་རྩིས་ཡོད་པའི་སི་རི་ཡཱའི་ཡུལ་གྱར་བ་བཅུ་གསུམ་བསྐྱབས་པ་དང་། དེའི་ནང་བུད་མེད་དང་བྱིས་པ་ཡོད་ཟེར།

ཐུར་ཁེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་ཡུལ་གྱར་བ་བཅུ་གསུམ་པོ་ནི་ཚེས་ལྔ་ཉིན་ཆུར་གཡེང་གྲུ་ཆུང་ཞིག་ལ་བསྡད་དེ་ཞི་ལཱ་རུ་ལྐོག་འགྲོས་བྱེད་རྩིས་བྱེད་སྐབས། གྲུ་ཆུང་དེ་རྒྱ་མཚོར་ནུབ་པ་ཡིན་སྲིད་ལ། མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཏཱ་ཐི་ཆཱ་ས་ཁུལ་ནས་ཡུལ་གྱར་བ་དེ་དག་བསྐྱབས་པ་ཡིན་ཟེར།

ཐུར་ཁེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། སྲོག་ཉེན་ལས་བསྐྱབས་པའི་ཡུལ་གྱར་བའི་གྲས་སུ་ཉུང་མཐར་ཡང་བྱིས་པ་བཞི་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།