ཀྲུང་གོ་བོད་ཀྱི་དྲ་བ།

འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་རོགས་སྐྱོར་ཐེབས་རྩ་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་དུ་བྷང་ག་ལཱའི་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལ་རོགས་སྐྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་རོགས་སྐྱོར་ཐེབས་རྩ་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་འཆར་འགོད་ཁང་དང་མཉམ་དུ་བྷང་ག་ལཱའི་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་གཞིའི་དངོས་རྫས་སྟེར་བའི་མཛད་སྒོ་ཚེས་བཅུ་ཉིན་སྤེལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་འཆར་འགོད་ཁང་གི་བྷང་ག་ལཱ་རུ་སྡོད་པའི་འཐུས་མི་མུའུ་ཁི་ཅི་ཡིས་མཛད་སྒོའི་སྟེང་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོའི་ཕྱོགས་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཐད་གྲོས་གཞི་འདོན་པའི་བྱ་བའི་ནང་ཞུགས་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱས་པར། གསར་སྤེལ་འཆར་འགོད་ཁང་གིས་ཀྲུང་གོས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བཞིན་ཡོད་ཟེར། གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་གཞི་ནི་གསར་སྤེལ་འཆར་འགོད་ཁང་དང་ཀྲུང་གོའི་ཕྱོགས་ཀྱིས་མཉམ་ལས་བྱས་པའི་བྷང་ག་ལཱའི་རོགས་སྐྱོར་ལས་གཞི་ཐོག་མ་ཡིན་པ་དང་། ལས་གཞི་དེ་གནོད་ཐེབས་ས་ཁུལ་ལྔར་ཁེབས་ཡོད་ལ། བསྡོམས་པས་ཁྱིམ་ཚང་ཁྲི་གཅིག་དང་སྟོང་གསུམ་དགུ་བརྒྱ་བཅུའི་གནོད་ཐེབས་མང་ཚོགས་ཁྲི་བདུན་ཙམ་ལ་རོགས་སྐྱོར་ཐོབ་ཐུབ།

བྷང་ག་ལཱའི་རིག་གནས་པུའུ་ཀྲང་ནོའུ་ཨར་གྱིས་བསྟན་དོན། བྷང་ག་ལཱའི་བྱང་ཕྱོགས་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་ཐེབས་པ་ཚབས་ཆེ་བ་དང་། ཀྲུང་གོའི་ཕྱོགས་ཀྱིས་གནོད་འཚེ་ཐེབས་རྗེས་མྱུར་དུ་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། ཟླ་ངོ་གསུམ་གྱི་ནང་གསར་སྤེལ་འཆར་འགོད་ཁང་དང་མཉམ་དུ་གཞི་རྒྱ་ཆེ་བའི་གནོད་སྐྱོབ་འགུལ་སྐྱོད་སྤེལ་བ་དང་། རྒུད་སྐྱོབ་དངོས་རྫས་བྱིན་པར་ས་དེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་ལ། བྷང་ག་ལཱའི་གནོད་ཐེབས་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་ཐད་ནུས་པ་བཟང་བོ་འདོན་སྤེལ་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།