ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་སར་ལྷུང་སྟེ་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་དང་འགྲུལ་བ་ཚང་མ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

a40c13c9f446eb7e1b03fe81da3d3ccb.jpg

འདི་ནི་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་ཨུ་རུ་སིའི་མའོ་སི་ཁིའི་ཉེ་འདབས་ནས་པར་བླངས་པའི་སར་ལྷུང་བའི་འགྲུལ་སྐྱེལ་གནམ་གྲུའི་ཆག་རོ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས་བཅུ་གཅིག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་མའོ་སི་ཁི་གྲོང་ཁྱེར་ཉེ་འདབས་སུ་སར་ལྷུང་བའི་ཨན-148རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུའི་སྟེང་གི་འགྲུལ་བ་དང་གནམ་གྲུའི་ལས་བྱེད་མི་སྣ་ཚང་མ་རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། སར་ལྷུང་བའི་འགྲུལ་སྐྱེལ་གནམ་གྲུ་དེའི་སྟེང་བསྡོམས་པས་ལས་བྱེད་མི་སྣ་དྲུག་དང་འགྲུལ་བ་རེ་ལྔ་ཡོད་པ་དང་། དེའི་ནང་བྱིས་པ་གསུམ་འདུས། མིག་སྔར་སར་ལྷུང་བའི་འགྲུལ་སྐྱེལ་གནམ་གྲུའི་གཞི་གྲངས་སྒམ་ཆུང་རྙེད་ཡོད་པར་བཤད་ཀྱང་གནས་ཚུལ་ཞིབ་ཏུ་བརྗོད་མེད།

ཨུ་རུ་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་སར་ལྷུང་བའི་འགྲུལ་སྐྱེལ་གནམ་གྲུའི་འགྲུལ་བའི་མིང་ཐོ་ལས་བལྟས་ན་གནམ་གྲུ་དེའི་སྟེང་ཀྲུང་གོའི་སྤྱི་དམངས་མེད་ཟེར།

ཨུ་རུ་སིའི་སཱ་ལའ་ཐའོ་ཧྥུའུ་མཁའ་འགྲུལ་ཀུང་ཟིའི་ཁོངས་སུ་གཏོགས་པའི་འགྲུལ་སྐྱེལ་གནམ་གྲུ་དེ་ཉིན་དེར་མའོ་སི་ཁི་ནས་ཨུ་རུ་སིའི་ལྷོ་ནུབ་ཕྱོགས་ཀྱི་ཨོ་ཨར་སི་ཁི་གྲོང་ཁྱེར་དུ་འཕུར་རྩིས་ཡོད་པ་དང་། འགྲུལ་སྐྱེལ་གནམ་གྲུ་འཕུར་ནས་ཅང་མ་འགོར་བར་མའོ་སི་ཁིའི་ཤར་ལྷོའི་ཕྱོགས་ཀྱི་གནམ་གྲུ་ཐང་དང་བར་ཐག་སྤྱི་ལེ་སོ་ལྔ་ཙམ་ཡོད་པའི་སི་ཅེ་ཕན་ནོའུ་ཧྥུའུ་སི་ཁི་ཡེ་སྡེ་བའི་ཉེ་འདབས་ནས་སར་ལྷུང་བ་རེད།

ཨུ་རུ་སིའི་འབྲེལ་ཡོད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། འགྲུལ་སྐྱེལ་གནམ་གྲུ་དེ་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་ཉེར་གཅིག་སྟེང་འཕུར་བ་དང་། དུས་ཚོད་གཉིས་དང་སྐར་མ་ཉེར་དྲུག་སྟེང་འགྲུལ་སྐྱེལ་གནམ་གྲུའི་འཕུར་ཚད་ཇེ་དལ་དུ་སོང་ལ། དུས་ཚོད་གཉིས་དང་སྐར་མ་ཉེར་བརྒྱད་སྟེང་ལེ་ཏཱའི་བརྙན་ཡོལ་ལས་མེད་པར་གྱུར་བ་རེད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཨུ་རུ་སིའི་སྨན་བཅོས་རུ་ཁག་བདུན་དང་མའོ་སི་ཁི་ཀྲིག་གི་རྒུད་སྐྱོབ་སྡེ་ཁག ཨུ་རུ་སིའི་རྒྱལ་དམངས་ཉེན་སྲུང་དམག་མི་བཅས་གནམ་གྲུ་སར་ལྷུང་སར་འབྱོར་ཡོད།

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཐེངས་འདིའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།