ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་གྱིས་མུ་མཐུད་དུ་ཁྱབ་ཁོངས་སོ་སོ་ནས་དབྱི་རག་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཏུ་འཚམས་འདྲི་བྱེད་བཞིན་པའི་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ལེ་ཏི་ལི་ཨང་གིས་ཚེས་བཅུ་གཉིས་ཉིན་པཱ་ཀི་ཏཱ་ནས་བསྟན་དོན། ཧྥ་རན་སི་ཡིས་མུ་མཐུད་དུ་ཁྱབ་ཁོངས་སོ་སོ་ནས་དབྱི་རག་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། དབྱི་རག་གི་བསྐྱར་འཛུགས་ནང་ཞུགས་པར་རེ་སྒུག་བྱས་ཡོད་ཟེར།

དབྱི་རག་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཅཱ་ཧྥ་ལི་དང་ལེ་ཏི་ལི་ཨང་གཉིས་ཀྱིས་ཉིན་དེར་གྲོས་མོལ་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཕྱིར་དྲན་བྱས་པ་དང་། ཧྥ་རན་སི་དབྱི་རག་གི་རྨང་གཞིའི་སྒྲིག་ཆས་ཀྱི་བསྐྱར་འཛུགས་ཁྲོད་ཞུགས་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། ཁོ་གཉིས་ཀྱིས་ད་རུང་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་གཞན་པར་གྲོས་བསྡུར་བྱས།

ལེ་ཏི་ལི་ཨང་གིས་བཤད་རྒྱུར། ཧྥ་རན་སི་ཡིས་མགྱོགས་མྱུར་ངང་དེའི་སྔོན་བཏོན་པའི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གྲོས་མཐུན་ཡོངས་འགྲུབ་བྱས་ཏེ། མུ་མཐུད་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར། ལེ་ཏི་ལི་ཨང་གིས་ད་རུང་བཤད་རྒྱུར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་མ་འོངས་པར་དབྱི་རག་ལ་འཚམས་འདྲི་བྱེད་རྒྱུ་རེད་ཟེར།

ལེ་ཏི་ལི་ཨང་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་པཱ་ཀ་ཏཱ་རུ་འབྱོར་ནས་དབྱི་རག་ལ་དུས་ཡུན་ཐུང་ངུའི་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། ཚེས་བཅུ་གསུམ་ཉིན་ཁོ་ཁི་ཝེ་ཐི་རུ་སོང་ནས་དབྱི་རག་བསྐྱར་འཛུགས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་པར་འགྲོ་རྒྱུ་རེད། དབྱི་རག་ཏུ་འཚམས་འདྲི་བྱེད་སྐབས་ལེ་ཏི་ལི་ཨང་གིས་ད་རུང་དབྱི་རག་གི་ཙུང་ཐུང་མཱ་སུའུ་མུའུ་དང་ཙུང་ལི་ཨ་པཱ་ཏིས། རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཀྲུའུ་པུའུ་ལི་སོགས་ལ་ཐུག་འཕྲད་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།