ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་མཁའ་དམག་གིས་ལྷོ་ཕྱོགས་ས་ཁུལ་ནས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་ཞེ་གསུམ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཁན་ཏཱ་ཧཱ་ཞིང་ཆེན་གྱི་དཔོན་རིགས་ཀྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། དམག་ཕྱོགས་ཀྱིས་ཞིང་ཆེན་དེ་ནས་མཇུག་སྒྲིལ་མ་ཐག་པའི་བར་སྣང་ནས་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ཁྲོད་དུ། ཉུང་མཐར་ཡང་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་ཞེ་གསུམ་བསད་པ་དང་། གཞན་ཡང་དྲག་ཆས་ཉེས་ཅན་ཉི་ཤུ་ལ་རྨས་ཕོག་ཡོད་ཟེར།

ཁན་ཏཱ་ཧཱ་ཞིང་ཆེན་གྱི་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་ལཱ་ཆི་ཁི་ཡིས་གསར་འགོད་པར་བཤད་རྒྱུར། འགུལ་སྐྱོད་དེ་ཚེས་བཅུ་གཉིས་ཉིན་གྱི་དགོང་མོ་ནས་ཚེས་བཅུ་གསུམ་ཉིན་གྱི་ཞོགས་པའི་བར་སྤེལ་བ་དང་། ཨ་ཧྥུའུ་ཧན་གྱི་མཁའ་དམག་གིས་འཐབ་འཛིང་གནམ་གྲུ་བཀོལ་ནས་ཞིང་ཆེན་དེའི་བྱང་ཕྱོགས་ས་ཁུལ་གྱི་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་སར་བར་སྣང་འཇབ་རྒོལ་བྱས། དེའི་སྔོན་དྲག་ཆས་ཉེས་ཅན་དེ་དག་གིས་ཞིང་ཆེན་དེའི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་པ་རེད།

ལཱ་ཆི་ཁི་ཡིས་བཤད་རྒྱུར། བར་སྣང་འཇབ་རྒོལ་ལས་དྲག་ཆས་ཉེས་ཅན་མང་བོ་ཕྱིར་བྲོས་པས་ས་ངོས་ཀྱི་བདེ་འཇགས་དམག་དཔུང་དང་དྲག་ཆས་ཉེས་ཅན་གྱིས་ཐད་ཀར་འཁྲུག་རྩོད་བྱེད་པར་སྔོན་འགོག་བྱས་པ་དང་། བར་སྣང་འཇབ་རྒོལ་ལས་ཀྱང་རྩ་འཛུགས་དེའི་མཚོན་ཆ་དང་རླངས་འཁོར་མང་བོར་གཏོར་བརླག་བཏང་ཡོད་ལ། བདེ་འཇགས་དམག་དཔུང་གི་མི་སྣར་འགུལ་སྐྱོད་ཁྲོད་ཤི་རྨས་ཐེབས་མེད་ཟེར།

མིག་སྔའི་བར་དུ་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དྲག་ཆས་པས་དོན་དེའི་ཐད་ནས་གསལ་སྒྲོག་སྤེལ་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།