ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡཱ་དང་ཐུར་ཁེའི་མགོ་ཁྲིད་པས་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡཱའི་ཙུང་ཐུང་པུའུ་ཐི་ཧྥོ་ལེ་ཁཱ་ཡིས་ཚེས་ཉེར་བདུན་ཉིན་འཚམས་འདྲིར་ཡོང་བའི་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

བསྒྲགས་པ་ལྟར་ན། ཨར་ཅི་རི་ཡཱ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ས་ཁུལ་གྱི་གནས་བབ་ཐད་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་དང་། གྲོས་སྡུར་དེ་སི་རི་ཡཱའི་ཉམས་ཉེན་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ། བདེ་འཇགས་སོགས་གྲོས་གཞིར་འབྲེལ་ཡོད།

བསྒྲགས་པ་ལྟར་ན། ཨེ་ཨར་ཏའོ་ཨན་ཉིན་དེར་ཨར་ཅི་རི་ཡཱའི་ཙུང་ལི་ཝུའུ་ཡེ་ཧེ་ཡཱ་དང་མཉམ་དུ་ཨར་ཅི་རི་ཡཱ་དང་ཐུར་ཁེའི་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་ལ་ཞུགས། ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། ཐུར་ཁེ་ཡིས་སྔར་ལས་ལྷག་པའི་སྒོ་ནས་ཨར་ཅི་རི་ཡཱའི་བར་གྱི་དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་ལ་ཤུགས་སྣོན་བྱས་ཏེ། སྔ་མོ་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་གི་འབོར་གྲངས་དེ་མེ་སྒོར་ཐེར་ཆེན་གཅིག་ལ་འཕར་སྣོན་འབྱུང་བར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

ཨར་ཅི་རི་ཡཱ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་ཚེས་ཉེར་བདུན་ཉིན་དཔལ་འབྱོར་ཉོ་ཚོང་དང་རིག་གནས། ནུས་ཁུངས། སློབ་གསོ། གནས་སྐོར་སོགས་ཁྱབ་ཁོངས་ལ་འབྲེལ་བའི་མཉམ་ལས་གྲོས་ཆོད་བདུན་བཀོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།