ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཐཱ་ལེ་པན་དང་ཞི་བའི་གྲོས་མོལ་བྱེད་པར་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། སྲིད་གཞུང་གིས་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པའི་གནས་ཚུལ་འོག་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་རྩ་འཛུགས་བར་ཞི་བའི་གྲོས་མོལ་བྱེད་འདོད་ཡོད་ཟེར།

ཅཱ་ནེ་ཡིས་ཉིན་དེར་རྒྱལ་ས་ཁཱ་པོར་ནས་སྐོར་ཐེངས་གཉིས་པའི་ཁཱ་པོར་འཕེལ་རིམ་གྱི་གྲོས་མོལ་ལ་ཞུགས་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བསྟན་དོན། ཞི་བདེ་དང་འགྲིག་མཐུན་འཕེལ་རིམ་མངོན་འགྱུར་བྱེད་ཆེད། སྲིད་གཞུང་གིས་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་ལ། དེའི་ནང་འཁྲུག་རྩོད་མཚམས་འཇོག་པ་དང་ཐཱ་ལེ་པན་རྩ་འཛུགས་དེ་སྲིད་ཏང་དུ་ཁས་ལེན་བྱེད་པ། ཡིད་ཆེས་ཀྱི་འབྲེལ་བ་འཛུགས་པ། དེ་མིན་འདྲ་མཉམ་དང་རང་དབང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་བཅས་འདུས་ཟེར།

ཅཱ་ནེ་ཡིས་བསྟན་དོན། སྲིད་གཞུང་གིས་ཐཱ་ལེ་པན་རྩ་འཛུགས་ཁྲོད་ཀྱི་ཞི་འཇམ་ཕྱོགས་ཁག་བར་ཡུན་རིང་ཞི་བདེ་ཡོང་བའི་གྲོས་མཐུན་འགོད་པར་བརྩོན་ལེན་བྱེད་བཞིན་ཡོད་པར་མ་ཟད། རྩ་ཁྲིམས་བཟོ་བཅོས་བྱེད་པ་དང་ཐཱ་ལེ་པན་གྱི་བཙོན་མ་ཕྱིར་གཏོང་བ། ཐཱ་ལེ་པན་གྱི་མགོ་ཁྲིད་པ་རྒྱལ་སྤྱིའི་བཀག་སྡོམ་མིང་ཐོའི་ནང་མི་འཇོག་པ་དང་། རྩ་འཛུགས་དེས་ཁཱ་པོར་དང་ཨ་ཧྥུའུ་ཧན་གྱི་གྲོང་ཁྱེར་གཞན་པ་ནས་གཞུང་སྒྲུབ་ཁང་འཛུགས་པ་སོགས་ཀྱི་འཆར་གཞི་འཐེན་བཞིན་ཡོད་ཟེར།

ཅཱ་ནེ་ཡིས་བཤད་རྒྱུར། ཐཱ་ལེ་པན་རྩ་འཛུགས་ཁྲོད་ཀྱི་རྒྱལ་སྤྱི་དང་ས་ཁུལ་གྱི་འཇིགས་སྐུལ་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཕྱོགས་ཁག་དེ་སྲིད་གཞུང་གིས་དང་ལེན་བྱེད་མི་སྲིད་ཀྱང་། ཁོས་རྩ་འཛུགས་དེ་དག་གིས་དྲག་ཤུགས་བསྐྱུར་ནས་ཞི་བདེའི་འཕེལ་རིམ་ནང་ཞུགས་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར། ཅཱ་ནེ་ཡིས་ད་རུང་ས་ཁུལ་གྱི་གྲོགས་པོའི་རྒྱལ་ཁབ་དང་ཁེ་ཕན་ལ་འབྲེལ་བའི་རྒྱལ་ཁབ་དག་གིས་ཨ་ཧྥུའུ་ཧན་གྱི་ཞི་བདེའི་རེ་འདུན་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

དབྱེ་ཞིབ་ལས་བལྟས་ན། ཅཱ་ནེ་ཡི་བསམ་ཚུལ་དེ་འདྲ་བསྟན་པའི་དམིགས་ཡུལ་ནི་ཨ་ཧྥུའུ་ཧན་ཐཱ་ལེ་པན་རྩ་འཛུགས་ཀྱིས་ཚེས་ཉེར་དྲུག་ཉིན་སྤེལ་བའི་གསལ་སྒྲོག་ལ་ལན་སྟེར་བའི་ཆེད་དུ་ཡིན་པར་འདོད། གསལ་སྒྲོག་དེ་ལས་བཤད་རྒྱུར། རྩ་འཛུགས་དེས་ཨ་མེ་རི་ཁའི་བར་ཐད་ཀར་གྲོས་མོལ་བྱེད་པ་དང་། ཞི་བདེའི་བྱེད་ཐབས་ལ་བརྟེན་ནས་ཡུན་རིང་འགོར་བའི་འཐབ་འཁྲུག་དེ་མཇུག་སྒྲིལ་དུ་འཇུག་རྒྱུའི་རེ་བ་བཏོན། དེ་སྔོན་ཆད་རྩ་འཛུགས་དེས་ཞི་བའི་གྲོས་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་ནི་ཕྱི་རྒྱལ་གྱི་བཅའ་སྡོད་དམག་མི་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་པའི་ལངས་ཕྱོགས་དང་བསྡུར་ན་འགྱུར་ལྡོག་ངེས་ཅན་བྱུང་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།