ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཁྲའོ་ཞན་དང་ཧན་གོའི་གྲོས་མོལ་ལ་རོགས་འདེགས་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་མའོ་ཨར་ཀུའུ་ལོ་ཧྥུའུ་ཡིས་ཚེས་དྲུག་ཉིན་འཚམས་འདྲིར་ཡོང་བའི་ཧན་གོའི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཨུ་རུ་སི་ཡིས་ཧན་གོ་དང་ཁྲའོ་ཞན་གྱི་གྲོས་མོལ་ལ་རོགས་འདེགས་བྱེད་རྩིས་ཡོད་ཟེར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཉིན་དེར་བསྟན་དོན། ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་གྱི་འབྲེལ་ཡོད་ཕྱོགས་སོ་སོས་གྲོས་མོལ་ལ་ཡར་སྐུལ་གཏོང་བར་འབད་འབུངས་བྱེད་དགོས་ཟེར།

མའོ་ཨར་ཀུའུ་ལོ་ཧྥུའུ་ཡིས་ཉིན་དེར་མའོ་སི་ཁི་ནས་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་མི། སྔོན་ཆད་ཀྱི་གཅིག་གྱུར་པུའུ་ཀྲང་ཀྲིན་ཏུང་ཡུང་དང་དེས་ཁྲིད་པའི་ཨེ་ཤ་ཡཱ་བྱང་ཤར་ཞི་བདེ་དང་མཉམ་ལས་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཨུ་རུ་སི་ཡིས་ཁྲའོ་ཞན་དང་ཧན་གོའི་གྲོས་མོལ་ལ་རོགས་འདེགས་བྱེད་རྩིས་ཡོད་ལ། དེའི་ནང་དཔལ་འབྱོར་ཁྱབ་ཁོངས་ཀྱི་གྲོས་མོལ་ཡང་འདུས། ཨུ་རུ་སི་དང་ཧན་གོ་ཕྱོགས་གཉིས་ཀྱིས་ནན་གྱིས་བསྟན་དོན། ཕྱེད་གླིང་གི་གནས་བབ་ལ་འདུམ་འགྲིག་བྱེད་པའི་འཕེལ་རིམ་ལ་ཆབ་སྲིད་དང་ཕྱི་འབྲེལ་གྱི་ངོ་བོ་ལྡན་དགོས་པར་མ་ཟད། འབྲེལ་ཡོད་ཕྱོགས་སོ་སོས་གྲོས་མོལ་གྱི་ཐབས་ལ་བརྟེན་དགོས་ཟེར།

ཐི་ལིང་ཕུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་གྱི་འབྲེལ་ཡོད་ཕྱོགས་སོ་སོས་གྲོས་མོལ་ལ་ཡར་སྐུལ་གཏོང་བར་འབད་བརྩོན་བྱེད་དགོས་པ་དང་། འཛམ་གླིང་གིས་དོན་དེར་དོ་སྣང་དང་རེ་སྒུག་བྱས་ཡོད་ཟེར། ཁོས་ད་རུང་བསྟན་དོན། གནས་བབ་ཅི་འདྲ་ཡིན་ཡང་ཨ་མེ་རི་ཁས་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།

ཧན་གོའི་ཁྲའོ་ཞན་ལ་འཚམས་འདྲི་བྱེད་པའི་དབུ་བཞུགས་ཆེད་མངག་ཕོ་ཉ། ཆིན་ཝ་ཐེ་རྒྱལ་ཁབ་བདེ་སྲུང་ཁང་གི་དཔོན་པོ་ཀྲིན་དབྱེ་རོང་གིས་ཚེས་དྲུག་ཉིན་ཆིན་ཝ་ཐེ་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ་ཁྲའོ་ཞན་ལ་འཚམས་འདྲི་བྱས་པའི་མཇུག་འབྲས་གླེང་སྐབས་བཤད་རྒྱུར། ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་ཟླ་བཞི་བའི་ཟླ་མཇུག་ལ་པན་མིན་མགྲོན་ཁང་གི་ཧན་གོའི་ཕྱོགས་ཀྱི་ཞི་བདེའི་ཁྱིམ་གཞིས་ནས་མགོ་གཙོའི་གྲོས་མོལ་སྤེལ་རྒྱུ་ཐག་བཅད་ཡོད་ཟེར། ཀྲིན་དབྱེ་རོང་གིས་བཤད་རྒྱུར། ཁྲའོ་ཞན་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་རེ་འདུན་གསལ་བོར་བསྟན་པ་དང་། ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་འདོད་ཡོད་ཟེར། ཁྲའོ་ཞན་ཕྱོགས་ཀྱིས་བསྟན་དོན། ཁྲའོ་ཞན་གྱི་དམག་དོན་འཇིགས་ཉེན་མེད་པར་བཏང་ནས་ཁྲའོ་ཞན་གྱི་སྒྲིག་གཞིའི་བདེ་འཇགས་ལ་འགན་སྲུང་བྱས་ན། ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པ་གསར་སྤེལ་བྱེད་པའི་རྒྱུ་མཚན་ཅི་ཡང་མེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།