ཀྲུང་གོ་བོད་ཀྱི་དྲ་བ།

བྱང་ཆིངས་རྩ་འཛུགས་དང་ཅོར་ཏན་གྱིས་མཐའ་མཚམས་དོ་དམ་དང་དྲ་རྒྱའི་བདེ་འཇགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་དྲུག་ཉིན་ཅོར་ཏན་དུ་འཚམས་འདྲི་བྱེད་སྐབས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ཅོར་ཏན་དང་མཉམ་དུ་མཐའ་མཚམས་དོ་དམ་དང་དྲ་རྒྱའི་བདེ་འཇགས་སོགས་ཐད་ནས་མུ་མཐུད་དུ་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཉིན་དེར་སྔ་གཞུག་ཏུ་ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ་དང་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏིས་གཉིས་ལ་ཐུག་འཕྲད་བྱས། ཁོས་སཱ་ཧྥ་ཏིས་དང་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ཅོར་ཏན་བར་གྱི་མཉམ་ལས་འབྲེལ་བར་མཐོང་ཆེན་བྱེད་པ་དང་། ཕྱོགས་གཉིས་ཀྱིས་དམག་དོན་དང་འགོག་སྲུང་། མཐའ་མཚམས་དོ་དམ། དྲ་རྒྱའི་བདེ་འཇགས་བཅས་ཀྱི་ཐད་ནས་མུ་མཐུད་དུ་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

སི་ཐའོ་ཨར་ཐིན་པེ་ཀི་ཡིས་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་བཏང་སྟེ། རྩ་འཛུགས་དེ་ཡང་བསྐྱར་འདས་ལོག་མི་བྱེད་པར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།

སི་རི་ཡཱའི་གནས་བབ་གླེང་སྐབས། སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཏུང་ཀུའུ་ཐཱ་སོགས་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། སི་རི་ཡཱའི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

སཱ་ཧྥ་ཏིས་ཀྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ཐད་ནས་འབྲེལ་འདྲིས་བྱས་པ་དང་། ཅོར་ཏན་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་གནད་དོན་ནི་དབུས་ཤར་གྱི་ཞི་བདེ་མངོན་འགྱུར་བྱེད་པའི་གནད་འགག་ཡིན་པ་ནན་བཤད་བྱས་པར་མ་ཟད། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཟེར།

སཱ་ཧྥ་ཏིས་ཀྱིས་བསྟན་དོན། སི་རི་ཡཱའི་ཏུང་ཀུའུ་ཐཱ་ས་ཁུལ་གྱི་གནས་བབ་ནི་གནོད་འཚེ་རང་བཞིན་ལྡན་པ་ཞིག་ཡིན་ལ། ཕྱོགས་སོ་སོས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་དགོས། སི་རི་ཡཱའི་ཉམས་ཉེན་དེ་དམག་དོན་ལ་བརྟེན་ནས་ཐག་གཅོད་བྱེད་ཐབས་མེད་པ་དང་། ཕྱོགས་སོ་སོས་རི་ནེ་ཝའི་ཞི་བའི་གྲོས་མོལ་ལ་བརྟེན་ནས་ཆབ་སྲིད་ཀྱི་ཐབས་ལ་གྲོས་འཆམ་འབྱུང་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།