ཐཱ་ཅི་ཁི་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་གྱིས་མཉམ་ལས་ཡིག་ཆ་མང་དུ་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་གྱིས་ཚེས་དགུའི་ཉིན་རྒྱལ་ས་ཏུའུ་ཧྲང་པེ་ནས་འཚམས་འདྲིར་ཡོང་བའི་ཝུའུ་ཁི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡོ་ཡེ་ཧྥུའུ་དང་གྲོས་མོལ་བྱས་ཏེ། མཉམ་ལས་ཡིག་ཆ་མང་དུ་བཀོད། ལཱ་ཧི་མིན་གྱིས་བསྟན་དོན། ཐཱ་ཅི་ཁི་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱིས་ཐག་ཆོད་མེད་པའི་གནད་དོན་ཚང་མ་ཐག་གཅོད་བྱས་ཡོད་ཟེར།

མུས་ཨར་ཅི་ཡོ་ཡེ་ཧྥུའུ་ཚེས་དགུའི་ཉིན་ཏུའུ་ཧྲང་པེ་རུ་འབྱོར་ནས་ཐཱ་ཅི་ཁི་སི་ཐན་ལ་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད།

ཐཱ་ཅི་ཁི་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཉིན་དེར་གྲོས་མོལ་བྱས་པར་མ་ཟད་མཉམ་ལས་ཡིག་ཆ་ཉེར་བདུན་བཀོད། ཡིག་ཆ་དེ་དག་གི་ནང་དོན་ནི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། འགྲིམ་འགྲུལ། ཆུ་བེད། གནས་སྐོར། བདེ་འཇགས་སོགས་ཁྱབ་ཁོངས་ལ་འབྲེལ་བ་ཡོད། དེའི་ནང་ཀུན་གྱིས་དོ་སྣང་ཆེས་ཆེར་བྱེད་པའི་ཡིག་ཆ་ནི་ཐཱ་ཅི་ཁི་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ཁག་ཅིག་གི་ཆིངས་ཡིག་དང་ཐཱ་ཅི་ཁི་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་ཁྱིམ་མཚེས་མཛའ་མཐུན་གྱི་མཉམ་འབྲེལ་གསལ་སྒྲོག་རེད།

ལཱ་ཧི་མིན་གྱིས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཐཱ་ཅི་ཁི་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱིས་ཁྱིམ་མཚེས་མཛའ་མཐུན་དང་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་སྟེང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཡིད་འཐད་བྱུང་ཡོད་ཟེར།

མུས་ཨར་ཅི་ཡོ་ཡེ་ཧྥུའུ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐཱ་ཅི་ཁི་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་བར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་གནོད་པ་ཐེབས་པའི་བཀག་རྒྱ་ཅི་ཡང་མེད། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཐཱ་ཅི་ཁི་སི་ཐན་གྱིས་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཕྱོགས་ཡོངས་ནས་ཐཱ་ཅི་ཁི་སི་ཐན་མངའ་ཁོངས་ཀྱི་ཆུ་གློག་ལས་གཞིའི་འཛུགས་སྐྲུན་ནང་ཞུགས་པར་བསམ་བློ་གཏོང་རྒྱུ་ཡིན་ཟེར།   །

 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།