ཕཱ་ལེ་སི་ཐན་གྱིས་ཨ་མེ་རི་ཁས་ཅཱ་ཧྲའི་ཉམས་ཉེན་གྱི་རྒྱལ་སྤྱིའི་ཞལ་འདེབས་འབུལ་བའི་གྲོས་ཚོགས་བསྡུས་པར་ངོ་རྒོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་སོགས་ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་གཙོ་བོས་ཚེས་བཅུ་གཅིག་ཉིན་བསྟན་དོན། ཨ་མེ་རི་ཁས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཉམས་ཉེན་གྱི་རྒྱལ་སྤྱིའི་ཞལ་འདེབས་འབུལ་བའི་གྲོས་ཚོགས་བསྡུས་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མཱ་ཅི་ཏཱ་ལཱ་ནེ་ཡིས་གསར་འགོད་པར་བཤད་རྒྱུར། དེང་སྐབས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་དགོས་ན། ཐོག་མར་ཅཱ་ཧྲ་ས་ཁུལ་གྱི་ཆབ་སྲིད་གནད་དོན་ཐག་གཅོད་བྱེད་དགོས། དེའི་རྗེས་སུ་ད་གཟོད་མི་ཆོས་རིང་ལུགས་དང་རྒུད་སྐྱོབ་གནད་དོན་ཐག་གཅོད་བྱེད་དགོས། ཨ་མེ་རི་ཁའི་སྲིད་གཞུང་གིས་ཅཱ་ཧྲའི་ཉམས་ཉེན་གྱི་འབྱུང་རྐྱེན་ནི་དབྱི་སི་རལ་གྱིས་དུས་ཡུན་རིང་བོར་བཀག་སྡོམ་བྱས་པའི་རྐྱེན་ཡིན་པ་གསལ་བོར་ཤེས་ངེས་རེད་ཟེར།

མཱ་ཅི་ཏཱ་ལཱ་ནེ་ཡིས་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་བཀག་སྡོམ་མེད་པར་བཏང་རྗེས་ས་དེའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་འཇགས་སུ་འགྲོ་སྲིད། ཨ་མེ་རི་ཁས་རྒྱལ་སྤྱིའི་ཞལ་འདེབས་འབུལ་བའི་གྲོས་ཚོགས་བསྡུ་བའི་དམིགས་ཡུལ་ནི་ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་ཁ་བྲལ་དུ་གཏོང་བ་དང་། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་རྒྱུན་འཁྱོངས་བྱེད་པའི་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་རྨང་གཞིར་བྱས་པའི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པའི་འདོད་བློ་ཁས་ལེན་མི་བྱེད་པའི་ཆེད་དུ་རེད་ཟེར།

ཉིན་དེར་ཧཱ་མཱ་སིའི་མགྲིན་ཚབ་པ་ཁཱ་ཞི་མུའུ་ཡིས་གསར་འགོད་པར་བཤད་རྒྱུར། ཧཱ་མཱ་སི་ཡིས་ཨ་མེ་རི་ཁས་རྒྱལ་སྤྱིའི་ཞལ་འདེབས་འབུལ་བའི་གྲོས་ཚོགས་དེ་བསྡུས་པར་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཨ་མེ་རི་ཁས་བཏོན་པའི་ཆ་རྐྱེན་གང་ཡང་དང་ལེན་བྱེད་མི་སྲིད་ཟེར།

དེ་ལས་གཞན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་སོགས་ཕཱ་ལེ་སི་ཐན་གྱི་ཕྱོགས་གཞན་པས་ཀྱང་། ཨ་མེ་རི་ཁའི་དམིགས་ཡུལ་ནི་རང་གིས་འགན་ཁུར་དགོས་པའི་འགན་འཁྲིར་གཞོལ་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལྟ་སྟངས་བསྒྱུར་བའི་ཆེད་དུ་རེད་ཟེར།

ཉེ་སྔོན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡི་རྒྱལ་སྤྱིའི་གྲོས་མོལ་གྱི་དམིགས་བསལ་འཐུས་མི་ཀི་ལིན་པུའུ་ལཱ་ཐི་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཉེ་སྔོན་ཝ་ཧྲིན་ཐོན་ནས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཉམས་ཉེན་གྱི་རྒྱལ་སྤྱིའི་ཞལ་འདེབས་འབུལ་བའི་གྲོས་ཚོགས་སྤེལ་རྒྱུའི་ཚུལ་བསྟན།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།