ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཧུར་ཐག་སྒོས་ཨ་ཧྥེ་རི་ཁ་གླིང་སྐམ་སའི་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པར་ཡར་སྐུལ་གཏོང་རྒྱུའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གྠོག་འཕྲིན་ལྟར། འཚམས་འདྲིར་ཡོང་བའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་ཚེས་བཅུའི་ཉིན་བསྟན་དོན། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཧུར་ཐག་སྒོས་ཨ་ཧྥེ་རི་ཁ་གླིང་སྐམ་སའི་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པར་ཡར་སྐུལ་གཏོང་བཞིན་ཡོད་ཟེར།

ཧྥ་ཅི་ཉིན་དེར་ཨར་ཅིར་དུ་འབྱོར་རྗེས་གནམ་གྲུ་ཐང་ནས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དུས་སྐབས་གལ་ཆེན་དུ་གནས་ཡོད་པ་དང་། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་འདོན་རྒྱུ་ཡིན་ལ། དེའི་ནང་ཨ་ཧྥེ་རི་ཁ་གླིང་སྐམ་སའི་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པའང་འདུས་ཡོད་ཟེར།

ཧྥ་ཅི་ཡིས་བཤད་རྒྱུར། ད་ལོའི་ཟླ་དང་པོར་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེ་པཱ་ནས་བསྡུས་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་སྟེང་། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་དག་གིས་ཨ་ཧྥེ་རི་ཁ་གླིང་སྐམ་སའིི་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པའི་གྲོས་གཞིར་ཡོངས་ཁྱབ་ཏུ་ཁས་ལེན་བྱས་ཡོད་པ་དང་། དེ་ཡང་སྐབས་རྗེས་མའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་ཀྱི་གྲོས་བསྡུར་ནང་དོན་གཙོ་བོ་ཡིན་ཟེར། ཁོས་བཤད་རྒྱུར། གལ་ཏེ་ཆ་རྐྱེན་གྲུབ་ན་སྐབས་ཐོག་དེར་རུ་ཝང་ཏཱའི་རྒྱལ་ས་ཅི་ཅཱ་ལེ་ནས་སྤེལ་རྒྱུ་ཡིན་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་སྟེང་དུ་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཚང་མས་གྲོས་མཐུན་བཀོད་དེ་ཨ་ཧྥེ་རི་ཁ་གླིང་སྐམ་སའི་རང་དབང་ཉོ་ཚོང་ས་ཁུལ་འཛུགས་རྒྱུ་རེད་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།