ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡཱ་ཡིས་ཨ་ཧྥེ་རི་ཁ་གླིང་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གྲོས་ཚོགས་བསྡུ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨར་ཅི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མེད་སཱ་ཧི་ལེ་ཡིས་ཚེས་བཅུ་གཅིག་ཉིན་བསྟན་དོན། ཨར་ཅི་རི་ཡཱ་ཡིས་ཟླ་བཞི་བར་ཨ་ཧྥེ་རི་ཁ་གླིང་གི་རིམ་པ་མཐོ་བའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གྲོས་ཚོགས་ཤིག་སྤེལ་རྒྱུ་ཡིན་ཟེར།

མེད་སཱ་ཧི་ལེ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་དང་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨར་ཅི་རི་ཡཱ་ཡིས་ཟླ་བཞི་བའི་ཟླ་སྟོད་ལ་ཐེངས་འདིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གྲོས་ཚོགས་བསྡུས་ཏེ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཁོས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ཀྱི་སྐབས་སུ་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ཀྱི་ཁྲིམས་འཛུགས་བྱ་བར་གྲོས་བསྡུར་བྱེད་རྒྱུ་མ་ཟད། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དང་། ནག་དངུལ་དཀར་བསྒྱུར་ལ་ངོ་རྒོལ་བྱེད་པ། དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་གཏོང་བ་སོགས་ཀྱི་ནུས་པའི་ཐད་ནས་བསམ་འཆར་གཅིག་མཐུན་ཡོང་བར་བྱེད་རྒྱུ་ཡིན་ཟེར།

མེད་སཱ་ཧི་ལེ་ཡིས་ནན་གྱིས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་ས་ཁུལ་གྱི་འཇིགས་སྐུལ་རྩ་འཛུགས་ཀྱིས་མི་གཏའི་སྲོག་བསླུའི་ཡོན་དངུལ་དང་ནག་དངུལ་དཀར་བསྒྱུར། རྒྱལ་ཁོངས་བརྒལ་བའི་མི་སྣ་དང་དུག་རྫས་ཀྱི་ལྐོག་འཚོང་ལ་བརྟེན་ནས་མ་དངུལ་མང་བོ་བརྩོན་ལེན་བྱས་ཏེ་འཇིགས་སྐུལ་བྱ་འགུལ་ཐད་བཀོལ་བཞིན་ཡོད་པས། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་ལག་རྡང་སྦྲེལ་ནས་འཇིགས་སྐུལ་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་དགོས་ཟེར།

ཧྥ་ཅི་ཡིས་ནན་གྱིས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་སྐམ་སར་འཇིགས་སྐུལ་རིང་ལུགས་དང་རྩ་འཛུགས་ཡོད་པའི་ནག་ཉེས། ལྐོག་འགྲོས་སོགས་གནད་དོན་མང་བོ་ཡོད་པས། རྒྱལ་ཁབ་སོ་སོས་མཉམ་ལས་བྱས་ཏེ་འགྲན་རྩོད་དེ་དག་ཐག་གཅོད་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།