ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་དང་ཧྥ་རན་སི་ཡིས་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་བཅུ་གཉིས་ཉིན་བསྒྲགས་པ་ལྟར་ན། རྒྱ་གར་གྱི་ཙུང་ལི་མའོ་ཏིས་དང་རྒྱ་གར་དུ་འཚམས་འདྲི་བྱེད་བཞིན་པའི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གཉིས་ཀྱིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ཉི་འོད་ནུས་པ་སོགས་དག་གཙང་ནུས་ཁུངས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་མ་ཟད། འཛམ་གླིང་ཡོངས་ཀྱི་ཡང་བསྐྱར་བེད་བྱས་ཆོག་པའི་ནུས་ཁུངས་ཀྱི་གསར་སྤེལ་བེད་སྤྱོད་ལ་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། མའོ་ཏིས་དང་མཱ་ཁི་ལུང་གཉིས་ཀྱིས་ཚེས་བཅུ་གཅིག་ཉིན་མཉམ་དུ་རྒྱལ་སྤྱིའི་ཉི་འོད་ནུས་པའི་མནའ་འབྲེལ་དབུ་བརྙེས་པའི་ཚོགས་ཆེན་ལ་མགོ་འཛིན་བྱས། མའོ་ཏིས་ཀྱིས་ཚོགས་ཐོག་ནས་ཉིས་སྟོང་ཉེར་གཉིས་ལོའི་བར་རྒྱ་གར་གྱིས་ཉི་འོད་ནུས་པ་དང་རླུང་ནུས་སོགས་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ལ་བརྟེན་ནས་གློག་འདོན་བྱེད་རྒྱུ་ཡིན་པ་དང་། མིག་སྔའི་གློག་འདོན་གྱི་ཚད་ལས་ལྡབ་གཅིག་གིས་འཕར་སྣོན་འབྱུང་ངེས་རེད། མའོ་ཏིས་ཀྱིས་ད་རུང་ཉི་འོད་ནུས་པའི་འཕེལ་རྒྱས་ཀྱི་འགུལ་སྐྱོད་འཆར་གཞི་ཁྱབ་སྒྲོག་བྱས་པ་དང་། ཉི་འོད་ནུས་པའི་བཅོས་བསྒྱུར་དེ་འཛམ་གླིང་ཡོངས་ལ་ཁྱབ་གདལ་དུ་གཏོང་རྒྱུའི་ཚུལ་བསྟན།

མཱ་ཁི་ལུང་གིས་ཁྱབ་སྒྲོག་བྱས་དོན། ཉིས་སྟོང་ཉེར་གཉིས་ལོའི་བར། ཧྥ་རན་སི་ཡིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མེ་སྒོར་དུང་ཕྱུར་བརྒྱ་དང་བྱེ་བ་དྲུག་ས་ཡ་གཅིག་འབུམ་ལྔའི་དངུལ་བུན་དང་ཞལ་འདེབས་ཕུལ་ཏེ། ཉི་འོད་ནུས་པའི་ལས་གཞི་འཕེལ་རྒྱས་སུ་གཏོང་བ་དང་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཀྱི་གསར་སྤེལ་བེད་སྤྱོད་ལ་སྐུལ་མ་གཏོང་བའི་ཐད་བཀོལ་རྒྱུ་ཡིན་ལ། འཛམ་གླིང་ཡོངས་ཀྱིས་ཉི་འོད་ནུས་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་བྱེད་པའི་ཐད་གོང་འཕེལ་ཆེན་པོ་བྱུང་ཡོད་ཀྱང་ད་རུང་བྱ་བ་མང་བོ་བསྒྲུབ་དགོས་ཟེར།

མཱ་ཁི་ལུང་ཚེས་དགུའི་ཉིན་གྱི་དགོང་མོར་དྷི་ལེ་གསར་བ་རུ་འབྱོར་ནས་རྒྱ་གར་ལ་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། དེ་ནི་མཱ་ཁི་ལུང་གིས་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་རྒྱ་གར་ལ་འཚམས་འདྲི་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།