ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པའི་ཐད་ནས་ཀྲུང་གོ་སོགས་ཕྱི་ཕྱོགས་གྲོགས་པོའི་བར་མཉམ་ལས་བྱེད་པར་རེ་སྒུག་བྱས་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་མཁའ་ཐེ་ཡིས་ཚེས་བཅུ་བདུན་ཉིན་རུ་ཝང་ཏཱའི་རྒྱལ་ས་ཅི་ཅཱ་ལེ་ནས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁ་གླིང་སྐམ་སའི་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པར་བརྩོན་བཞིན་ཡོད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་མ་གཏོགས་པའི་གྲོགས་པོ་གཞན་པའི་བར་མཉམ་ལས་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

མཁའ་ཐེ་ཡིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཨ་ཧྥེ་རི་ཁ་གླིང་སྐམ་སའི་རང་དབང་ཉོ་ཚོང་ས་ཁུལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ལ་ཞུགས་སྐབས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས་གོང་གི་སྐད་ཆ་དེ་བཤད་པ་རེད།

མཁའ་ཐེ་ཡིས་བཤད་རྒྱུར། ཀྲུང་གོ་ནི་ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པའི་གྲོགས་པོ་ཞིག་ཡིན་པ་དང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་དཔལ་འབྱོར་དར་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པ་དེ་བྱ་བའི་གཙོ་གནད་དུ་བཟུང་ཡོད་ལ། ཕྱི་ཕྱོགས་ཀྱི་གྲོགས་པོ་དག་གིས་མུ་མཐུད་དུ་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ལ་རྒྱབ་སྐྱོར་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཁོས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་སྐམ་སའི་རང་དབང་ཉོ་ཚོང་ས་ཁུལ་བཙུགས་རྗེས་ས་གནས་སྲུང་སྐྱོབ་སོགས་ཀྱི་འགྲན་རྩོད་དང་འཕྲད་སྲིད་ཀྱང་། འགྲན་རྩོད་དེ་དག་གིས་ཨ་ཧྥེ་རི་ཁ་གླིང་གིས་ཕྱོགས་གཅིག་ཚོང་ར་འཛུགས་པའི་གོམ་སྟབས་ལ་བཀག་འགོག་བྱེད་མི་སྲིད་པ་དང་། ཨ་ཧྥེ་རི་ཁ་གླིང་གིས་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པའི་བརྒྱུད་རིམ་ཁྲོད་འཕྲད་སྲིད་པའི་འགྲན་རྩོད་ཐག་གཅོད་བྱེད་པའི་ནུས་པ་ཡོད་ཟེར།

ཨ་ཧྥེ་རི་ཁ་གླིང་སྐམ་སའི་རང་དབང་ཉོ་ཚོང་ས་ཁུལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་དེ་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་ཅི་ཅཱ་ལེ་ནས་ཚོགས་རྒྱུ་རེད། མཐོ་རིམ་གྲོས་ཚོགས་དེ་ནི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་རྒྱུན་སྡོད་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་གྲོས་ཚོགས། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མགོ་གཙོའི་དམིགས་བསལ་གྲོས་ཚོགས་བཅས་ལས་གྲུབ་ཡོད།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཁྱབ་སྒྲོག་བྱས་པའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར་ན། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གི་མགོ་ཁྲིད་པས་ཚེས་ཉེར་གཅིག་ཉིན་སྤེལ་རྒྱུ་ཡིན་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མགོ་གཙོའི་དམིགས་བསལ་གྲོས་ཚོགས་སྟེང་ཨ་ཧྥེ་རི་ཁ་གླིང་སྐམ་སའི་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པའི་གྲོས་མཐུན་འགོད་རྒྱུ་རེད། མཁའ་ཐེ་ཡིས་མཚམས་སྦྱོར་བྱས་དོན། གྲོས་མཐུན་བཀོད་པའི་རྒྱལ་ཁབ་དག་གིས་དེའི་རྗེས་སུ་རྒྱལ་ཁབ་རང་གི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ལས་རིམ་ལྟར་དུ་གྲོས་མཐུན་ལ་ཆོག་མཆན་འགོད་རྒྱུ་ཡིན་པ་དང་། གྲོས་མཐུན་དེར་རྒྱལ་ཁབ་བཅོ་ལྔས་ཆོག་མཆན་བཀོད་རྗེས་ནུས་ལྡན་དུ་འགྱུར་ངེས་རེད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།